54604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོ་མོ་མཁར་ (1)
Part of speech མིང་ཚིག
Definition མཛོ་མོ་མཁར་དམ་ཆོས་ཐར་བ་གླིང་ནི། བཀའ་མ་ལོག་རྫོང་མཁར་དང་བར་ཐག་སྤྱི་ལེ་དོན་བཞིའི་མཚམས་སུ་ཆགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོབ་གྲས་སུ་གཏོགས། ཏཱ་མིང་གོང་མ་ཡུང་ལོའི་སྐབས་སུ་གསེར་ཡིག་པ་མངགས་ནས་རྗེ་ཙོང་ཁ་པ་མཆོག་གདན་ཞུ་གནང་བ་ན། སྐུ་ཚབ་ཏུ་ཁོང་གི་དངོས་སློབ་བྱམས་རྗེ་ཆོས་རྗེ་ཤཱཀྱ་ཡེ་ཤེས་(༡༣༥༥-༡༤༣༥)མངགས། ཁོང་རྒྱ་ནག་ཏུ་ཐེངས་གཉིས་ལ་ཕེབས་ཤིང་། ཐེངས་ཕྱི་མར་གནས་འདིར་དམ་ཆོས་ཐར་བ་གླིང་ཞེས་པའི་ཆོས་སྡེ་འདི་ཕྱག་འདེབས་གནང་། ཁོང་གིས་ཞྭ་སེར་གྱི་བསྟན་པ་སྤེལ་བ་དང་མི་རིགས་ཀྱི་མཐུན་སྒྲིལ་ཐད་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག་པས། ༡༤༣༤ ལོར་ཏཱ་མིང་གོང་མས། འཕྲིན་ལས་སྣ་ཚོགས་མཁས་ཤིང་གསལ་བ། ཆོས་ཉིད་དམ་པ། མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ། ཀུན་ལ་ཁྱབ་ཅིང་། རྒྱལ་ཁམས་བསྐྱབ་པ། བསྟན་པ་རྒྱས་མཛད། རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་བོ། ནུབ་ཀྱི་ཕྱོགས་སུ། རིག་པ་མཆོག་གྱུར། དེ་བཞིན་གཤེགས་པ། དབང་ཕྱུག་དང་ལྡན། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཆེན་མོ། ཞེས་པའི་མཚན་གནས་དང་གོ་ས་ཕུལ། ཕྱི་ལོ་ ༡༤༣༥ ལོར་རྒྱ་ཡུལ་ནས་དབུས་གཙང་ལ་ཡར་ཕེབས་སྐབས། མཛོ་མོ་མཁར་དུ་སྐུ་འདས། གོང་མའི་བཀའ་ལྟར། ཆོས་རྗེ་བསོད་ནམས་ཤེས་རབ་དང་སེང་གེ་བཟང་བོ་གཉིས་ཀྱིས་ལྷ་ཁང་བཞེངས་ནས་སྐུ་གདུང་བཞུགས་སུ་གསོལ། དགོན་པ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་བདུན་ཙམ་དང་། ལྷོ་བྱང་གཉིས་ཀྱི་རིང་ཚད་ལ་རྨིད་དྲུག་ཅུ་ལྷག་དང་། ཤར་ནུབ་གཉིས་ཀྱི་རིང་ཚད་ལ་རྨིད་བརྒྱ་དང་ལྔ་བཅུ། མཁར་གྱང་གི་མཐོ་ཚད་ལ་རྨིད་བཅུ་གཉིས། གྱང་རྟིང་ལ་རྨིད་བཅུ་བཞི་དང་གྱང་ཁ་ལ་རྨིད་གསུམ་མཆིས་སོ། །མཁར་གྱི་ཤར་དུ་གྲྭ་ཤག་དང་རྒྱབ་ཕྱོགས་སུ་མཛོ་མོ་མཁར་ཡོད། མཁར་གྱི་ལྷོ་ཕྱོགས་ཀྱི་ཁྲོམ་ར་རུ་ཚོང་ཁང་དང་། གཏའ་མ་ཁང་། ཆུ་འཁོར་རང་འཐག་སོགས་ཡོད་ལ། མཁར་གྱི་ནང་རོལ་དུ་རྡོ་རྗེ་ལྷ་ཁང་དང་། ཡུང་ལོའི་ཕོ་བྲང་། ཁྱམས་རིང་། སྐུ་གདུང་མཆོད་རྟེན། འདུ་ཁང་སྒོ་ཆེན། འཆད་ཉན་ཁང་བཅས་མཆིས་སོ། །འདི་དག་གི་བཟོ་བཀོད་རྨད་དུ་བྱུང་ལ་གཟི་འོད་ལམ་ལམ་འཚེར། གོང་མས་དགོན་པ་འདིར་འགྱོགས་བྱམས་དང་གསེར་ཐམ། མུ་ཏིག་གི་གདུགས། དུང་གིས་བརྒྱན་པའི་གཟིམ་ཁྲི་སོགས་གནང་འདུག དགོན་འདི་ཧ་ཅང་རྒྱས་པའི་སྐབས་སུ་གྲྭ་ཚང་བཅུ་དང་དགེ་འདུན་པ་བཞི་བརྒྱ་ལྷག་ལ་སོན་མྱོང་། དགོན་པར་ཞིང་ས་སྤྱི་ཆིང་བདུན་ཅུ་ལྷག་ཡོད་ལ། ཤར་གྱི་བྱེ་མའི་ལུང་བ་ནས་ལྷོ་ཕྱོགས་ཀྱི་ཕྱག་རྡོར་ཐང་གི་བར། ནུབ་ཀྱི་བྲག་ནག་ནས་བྱང་གི་རི་བོ་མེ་ཏི་ཚུན་ཆད། ཀྲོན་ཏའོ་ཡུལ་ཚོ་དང་། ཡུལ་ཆིང་རྫོང་གི་ཁུང་ཅ་དགོན་སོགས་ལྷ་འབངས་སུ་འདུ། མན་ཇུ་གོང་མ་ཀུན་སྐྱོང་རྒྱལ་བོའི་སྐབས། དགོན་པ་ལ་གཏོར་བརླག་ཐེབས་པ་རྗེས་སུ་སླར་གསོ་གནང་མོད། རིག་གསར་སྐབས་ཡང་བསྐྱར་གཏོར་བཅོམ་བྱས། བསྟན་པ་ཡང་དར་སྐབས། འདུ་ཁང་དང་ཁྱམས་རིང་། ཤར་ནུབ་ཀྱི་ལྷ་ཁང་། བྱང་ཆུབ་མཆོད་རྟེན་བཅས་ཉམས་གསོ་གནང་། ད་ལྟ་དགོན་པར་བྱམས་ཆེན་ཆོས་རྗེའི་སྐུ་གདུང་མཆོད་རྟེན་དང་། གོང་མ་ཡུང་ལོ་དང་ལྷ་སྐྱོང་རྒྱལ་བོ་སོགས་ཀྱིས་གནང་བའི་གཟིམ་ཁྲི་དང་འདུ་ཁང་གི་མཚན་བྱང་། གས་ཆག་ཤོར་བའི་རྡོ་རིང་སོགས་ལས་གཞན། ད་དུང་བྱང་ཆུབ་ལྗོན་ཤིང་ཚངས་ཐིག་ལ་རྨིད་ལྔ་བཅུ་དང་མཐོ་ཚད་ལ་རྨིད་བཅུ་བཞི་ཅན་ཞིག་ཀྱང་ཡོད་དོ། །

{{#arraymap:མཛོ་མོ་མཁར་

|; |@@@ | | }}