54773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མལ་གྲོ་སྤངས་ས་དགོན་ (1)
Part of speech མིང་ཚིག
Definition སྤངས་ས་དགོན་ནི་ལྷ་སའི་ཤར་ཕྱོགས་མལ་གྲོ་གུང་དཀར་བཀྲ་ཤིས་སྒང་གི་ཤར་ངོས་རི་འདབས་ཀྱི་དབེན་གནས་སུ་དུས་རབས་བཅུ་གཉིས་ནང་བཀའ་གདམས་པའི་དགེ་བཤེས་རྒྱ་ཐང་ཉི་མ་དབང་ཕྱུག་གིས་ཕྱག་བཏབ། གཙུག་ལག་ཁང་ཀ་བ་བཅུ་གཉིས་དང་། གཙང་ཁང་ཀ་བ་གསུམ། མགོན་ཁང་ཀ་བ་གསུམ། གསུང་རབ་ལྷ་ཁང་། གྲྭ་ཤག རུང་ཁང་། བསླབ་གསུམ་གྱི་བྱ་བར་བརྩོན་པའི་དགེ་འདུན་གྱི་སྡེ་བཅས་གསར་འཛུགས་མཛད། མལ་གྲོ་དང་འབྲི་གུང་བར་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་གསལ་བྱེད་སུམ་ཅུ་རེ་རེའི་མིང་སྦྱར་བའི་དགོན་པ་སུམ་ཅུ་ཙམ་བཞེངས་པར་བརྟེན་ཆོས་སྡེ་འདི་ཡང་གསལ་བྱེད་ཀྱི་ཡི་གེ་པ་ཡིག་མཚོན་པའི་དགོན་པ་ཡིན་ཞེས་དང་། ཡང་རྗེ་རིན་པོ་ཆེའི་དངོས་སློབ་གཙོ་བོ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ནས་མི་ཟས་རགས་པ་སྤངས་ཏེ་ཤུ་འབྲུ་ཙམ་ལ་བརྟེན་ནས་བཞུགས་པའི་གནས་ཡིན་པས་སྤངས་ས་ཞེས་མཚན་གསོལ། གནས་འདི་ཐོག་མར་བཀའ་གདམས་པའི་དགོན་གནས་ཡིན་པས་སྒྲུབ་པའི་རྒྱུད་འཛིན་པ་མང་པོ་བྱོན་ཡོད། དུས་རབས་བཅུ་བདུན་ནང་ཉམས་རྒུད་བྱུང་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་བུ་དགོན་དུ་གྱུར། ཡུན་རིང་མ་ལོན་བར་རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་སློབ་ལམ་སྟོན་འོག་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་གི་ཁོངས་སུ་གཏོགས་ཏེ་དྭགས་པོ་གྲྭ་ཚང་ནས་མཁན་པོ་ཕེབས་དགོས་པའི་སྲོལ་བཟང་ཆགས། དེ་ནས་ཟུང་དགོན་འདི་དཔལ་ས་སྐྱ་པའི་ཕྱག་བཞེས་ཁག་ལ་ཉམས་ལེན་གཙོ་བོ་མཛད། ཕྱིས་སུ་སྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་སྐལ་བཟང་རྒྱལ་མཚན་མཆོག་ཀྱང་དགོན་དེར་ཞབས་བཅགས་ནས་ཆོས་ཕྱོགས་ཀྱི་མཛད་ཕྲིན་བསྐྱངས་ཏེ་དགོན་གཉིས་བར་དམ་ཚིག་གཙང་མའི་འབྲེལ་ལམ་བཟང་པོ་ད་ལྟའི་བར་དུ་གནས་ཡོད། དགོན་འདིའི་རྟེན་གཙོ་དུས་གསུམ་སངས་རྒྱས་དང་། སྤྱན་རས་གཟིགས། གུ་རུའི་སྣང་བརྙན། བཀའ་གདམས་མཆོད་རྟེན། འཇམ་མགོན་ས་པཎ་གྱི་སྐུ་བརྙན། བཀའ་བསྟན་གསུང་རབ། མགོན་པོ་ཀྲག་ཤད་དང་ལྷ་མོ་རེ་མ་ཏི། གཙང་ཁང་ནང་རྗེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྐུ་དམར་གདུང་རྒྱ་དངུལ་གྱིས་ཐུམ་རྒྱབ་པའི་གདུང་རྟེན་རྩ་ཆེའི་དད་རྟེན་ངོ་མཚར་ཅན་ཞིག་བཞུགས། མདོར་ན་རིན་ཐང་བྲལ་བའི་རྩ་ཆེའི་རིགས་དངོས་མང་པོ་བཞུགས་པའི་དགོན་གནས་ཁྱད་པར་ཅན་ཞིག་ཡིན། །