55065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཆེན་གཙོ་བོའི་རྩིས་ (1)
Part of speech མིང་ཚིག
Definition རྒྱའི་སྐོར་འགོ་བཅོ་ལྔ་ལས་སའི་གླང་ཆེན་རབ་བརྟན་གྱི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་བའི་མི་ཆེན་ནམ། གཙོ་བོའམ། ཕ་རྒན་བཅས་ཀྱི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་སྤྲེལ་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་བ་དེ་སྐོར་འགོ་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེ་དང་པོ་ཡིན་ཞིང་། རྡེའུ་དེས་ཕ་ཆེན་གཙོ་བོར་བུ་ཆེན་གཙོ་བོ་འོང་མི་འོང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་འོང་བས་བཟང་། ནག་པོ་བྱུང་ན་མི་འོང་བས་གཙོ་བོའི་རིགས་རྒྱུད་ཆད་ཅིང་འདུན་ས་སྟོང་ཉེན་ཡོད། ཡུལ་མི་སྤྱི་ལ་བྱ་བ་ངན། བཅོས་རིམ་ལ་རྒྱལ་མོ་ཁྲོམ་བསྒྱུར་བྱ་དགོས། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེས་གཙོ་བོའི་འདུན་ས་སྟོངས་མ་སྟོངས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་སྟོངས་པས་བཟང་། ནག་པོ་བྱུང་ན་སྟོངས་པས་ཡུལ་སྤྱིར་ངན། བཅོས་རིམ་ལ་རྒྱལ་མོ་ཁྲོམ་བསྒྱུར་བྱ་དགོས། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་སྦ་འཁར་ཅན་གྱིས་གྲོང་ཁེངས་མ་ཁེངས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་ཁེངས་པས་བཟང་། ནག་པོ་བྱུང་ན་མ་ཁེངས་པས་ཁ་ཡོག་ཁ་མཆུ་འོང་ཞིང་ཡུལ་མིར་ངན། བཅོས་རིམ་ལ་གླིང་བཞིའི་སྤྱི་མདོས་བྱ་དགོས། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནིི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བཞི་པ་ཡིན་ཞིང་། རྡེའུ་དེས་ཡུལ་དཔོན་གྱི་བཀའ་ཆད་འོང་མི་འོང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མི་འོང་བས་ཡུལ་དཔོན་བྱམས། གཏམ་སྙན་ཐོས་ཤིང་འདོད་དོན་འགྲུབ། ནག་པོ་བྱུང་ན་འོང་བས་ཁ་མཆུ་འབྱུང་། བཅོས་རིམ་ལ་དགྲ་སྲི་གནོན་པ་དང་དགྲ་བྲུབ་བྱ་དགོས། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་པ་ཡིན་ཞིང་། རྡེའུ་དེས་ཤེལ་གྱི་འགྱིང་མཁར་ཆག་མ་ཆག་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་ཆག་པས་བསོད་ནམས་དཔལ་འབྱོར་རྒྱས། ནག་པོ་བྱུང་ན་ཆག་པས་ཡུལ་ཞིང་མཁར་གཞིས་ལ་ངན། ཁྱད་པར་དུ་ཨ་ནེ་དང་སྲི་མོའི་བུར་རྩུབ། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་ཟླ་གྲོགས་ཀྱི་འགྲན་སེམས་འོང་མི་འོང་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མི་འོང་བས་ཟླ་གྲོགས་དང་ཉེ་རིགས་བྱམས། ནག་པོ་བྱུང་ན་འོང་བས་ཉིད་ཀྱིས་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་ཁ་མང་གིས་སྟོང་གླེང་བྱེད་མི་བྱེད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མི་བྱེད་པས་མི་ཁ་དང་གླེང་གཞི་མེད། ནག་པོ་བྱུང་ན་བྱེད་པས་མི་ཁ་ཁ་མཆུ་དང་གླེང་གཞི་མོད། བཅོས་རིམ་ལ་དགྲ་བྲུབ་དང་མི་ཁ་གཏོ་བསྒྱུར་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་གྲོས་ཕུགས་བདུད་ཀྱིས་བསླུས་མ་བསླུས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུར་དཀར་པོ་བྱུང་ན་མ་བསླུས་པས་བར་ཆད་མེད་ཅིང་ཅི་བསམ་འགྲུབ། ནག་པོ་བྱུང་ན་བསླུས་པས་དྲུང་གསུམ་དགྲར་ལྡང་ཞིང་གྲོས་ཉེས་སྣ་ཚོགས་འོང་། གལ་སྲིད་བརྩི་བྱ་ས་སྦྲུལ་ལོ་པ་ཞིག་རང་ལོ་སོ་གཅིག་ལ་སོན་དུས་དེར་རྩིས་བསྐོར་བར་ཆ་བཞག་ན། ལོ་རྟགས་སྦྲུལ་མོ་ལོ་དང་དབང་ཁམས་ས་མ་མེ་ཡིན་པས་མེ་བྱ་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡས་བསྐོར་ལ་ལོ་གྲངས་སོ་གཅིག་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་ཡོས་ཡིན་པས། མེ་ཡོས་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་མེ་ཡོས་ཀྱི་ཡར་གྱི་བཞི་པ་ཤིང་བྱིའི་སྲོག་ཁམས་ཆུ་ལ་བརྩི་བྱའི་སྲོག་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་ཕ་ཆེན་གཙོ་བོར་བུ་ཆེན་གཙོ་བོ་མི་འོང་བ་ལྟ་བུ་དང་། མར་གྱི་བཞི་པ་ལྕགས་རྟའི་ལུས་ཁམས་ས་ལ་བརྩི་བྱའི་ལུས་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་གཙོ་བོའི་འདུན་ས་མ་སྟོངས་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་མེ་སྦྲུལ་གྱི་དབང་ཁམས་མེ་ལ་བརྩི་བྱའི་དབང་ཁམས་སས་འཐབ་པའི་རྡེའུ་དཀར་བས་སྦ་འཁར་ཅན་གྱིས་གྲོང་ཁེངས་པ་ལྟ་བུ། མར་གྱི་བཅུ་གཅིག་པ་མེ་གླང་གི་ཀླུང་ཁམས་ཆུ་ལ་བརྩི་བྱའི་ཀླུང་ཁམས་ཆུས་འཐབ་པའི་རྡེའུ་དཀར་བས་ཡུལ་དཔོན་གྱི་བཀའ་ཆད་མི་འོང་བ་ལྟ་བུ། ཡར་གྱི་བདུན་པ་ལྕགས་བྱའི་སྲོག་ཁམས་ལྕགས་ལ་བརྩི་བྱའི་སྲོག་ཁམས་མེ་ཡིས་འཐབ་པའི་རྡེའུ་དཀར་བས་ཤེལ་གྱི་འགྱིང་མཁར་མ་ཆག་པ་ལྟ་བུ། མར་གྱི་བདུན་པ་ཆུ་བྱའི་ལུས་ཁམས་ལྕགས་ལ་བརྩི་བྱའི་ལུས་ཁམས་ཤིང་གིས་འཐབ་པའི་རྡེའུ་ནག་པས་ཟླ་གྲོགས་ཀྱི་འགྲན་སེམས་འོང་བ་ལྟ་བུ། རྩིས་གཞི་མེ་ཡོས་ཀྱི་དབང་ཁམས་མེ་ལ་བརྩི་བྱའི་དབང་ཁམས་ལས་འཐབ་པའི་རྡེའུ་དཀར་བས་ཁ་མང་གིས་སྟོང་གླེང་མ་བྱས་པ་ལྟ་བུ། ཡང་རྩིས་གཞི་དེ་ཉིད་ཀྱི་ཀླུང་ཁམས་མེ་ལ་བརྩི་བྱའི་ཀླུང་ཁམས་ཆུས་འཐབ་པའི་རྡེའུ་དཀར་བས་གྲོས་ཕུགས་བདུད་ཀྱིས་མ་བསླུས་པ་ལྟ་བུ། དེ་བཞིན་དུ་ལོ་ཁམས་སྦྲུལ་ཡིན་པའི་བརྩི་བྱ་དེ་བུད་མེད་ཡིན་པར་ཆ་བཞག་ན། སྐོར་འགོ་མེ་བྱ་ནས་གཡོན་བསྐོར་ལ་ལོ་གྲངས་སོ་གཅིག་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞིར་བཟུང་ཞིང་། རྩིས་གཞི་དེའི་ཡར་བཞི་མར་བཞི་སོགས་ལ་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གོང་མ་ཇི་བཞིན་འཐབ་ནས་བརྟག་དགོས།
Domain རྩིས་རིག

{{#arraymap:མི་ཆེན་གཙོ་བོའི་རྩིས་

|; |@@@ | | }}