55081
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་ཉག་དཔལ་ལྷ་ཁང་ངམ་། མཚན་རྒྱས་པ་དཔལ་ལྷ་སྒང་མཐོང་གྲོལ་བསམ་གྲུབ་གླིང་ནི། འདི་ཉིད་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་མི་ཉག་ར་སྒང་གི་ཆ་གཏོགས། ཤར་སྟོད་བཞག་བྲ་དཀར་པོའི་མདུན་བརྒྱུད་དུ་ཆགས་ཤིང་། ཕྱི་ལོ་ ༦༤༡ ལོར་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ཝུན་ཤིང་ཀོང་ཇོས་ལྷ་ཁང་འདིའི་སྒོ་ཆེན་རྒྱ་ནག་ཏུ་བསྟན་ཏེ་བཞེངས་པ་ཞིག་ཡིན་ལ། དེ་རྗེས་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་པ་ཞིག་ཡིན་པར་གྲགས་ཀྱང་གོང་ས་ལྔ་པ་ཆེན་པོས་བོད་ཀྱི་སྲིིད་དབང་བཟུང་བའི་རྐྱེན་གྱིས་ས་སྐྱ་ངོར་ལུགས་ཀྱི་ཆོས་བརྒྱུད་དུ་བཞུགས། དེ་ནས་བཟུང་གྲྭ་གསར་རྣམས་ཀྱང་གཙང་ངོར་མ་དགོན་དུ་བསྐྱོད་དེ་དཔོན་སློབ་སོགས་ཀྱི་གོ་གནས་ཐོབ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་དུ་བྱོན། ཕྱིས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་འཕྲིན་ལས་་ལྷ་སྒང་དུ་ཁྱབ་པ་དང་། རྫོང་སར་བཤད་གྲྭ་ལ་ཡང་གྲྭ་གསར་ཕོན་ཆེན་བསྐྱོད་པས། མདོ་སྔགས་རབ་འབྱམས་སྨྲ་བ་མང་དུ་བྱོན། དེ་དག་གི་ནང་ནས་ཕུལ་བྱུང་ནི་རྟག་འཕེལ་དམ་ཆོས་ཡིན་ལ། ཁོང་གིས་རྫོང་སར་དུ་མདོ་སྔགས་ཀྱི་ཆོས་འཆད་ཉན་མང་དུ་བྱས་ཏེ་སློབ་མ་རིག་པའི་དབང་ཕྱུག་དུ་མ་བསྐྲུན་པ་མ་ ཟད། རྫོང་སར་མཁན་རབས་བརྒྱད་པའི་མཚན་གནས་ཀྱང་བཞེད་པ་སོགས་ཀྱི་དགོན་པ་འདི་ནས་མཁས་སྒྲུབ་ཀྱི་སྐྱེས་བུ་དུ་མ་བྱོན་ཏེ་བསྟན་འགྲོར་སྨན་པའི་རླབས་ཆེན་གྱིས་མཛད་པ་བསྐྱངས་ཡོད་ལ། དེང་གི་ཆར་ཡང་རྗེས་རབས་ཀྱི་བླ་གྲྭ་རྣམས་ལ་རང་དགོན་མཐོང་བ་བརྒྱུད་པའི་ཕྱག་ལེན་ཆ་ཚང་དང་། བརྡ་སྤྲོད་པའི་གཞུང་སུམ་རྟགས་དང་། སྙན་གཞུང་དང་། དབྱིན་ཡིག་རྒྱ་ཡིག་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་བཅས་ལ་སློབ་གཉེར་གནང་ཆོག་པའི་སློབ་གྲྭ་དང་། གཞུང་ཆེན་པོད་ཆེན་དྲུག་གཙོས་གསང་སྔགས་རྒྱུད་གཞུང་རྣམས་སློབ་གཉེར་གྱི་བསྟི་གནས་བཤད་གྲྭ་དང་བཅས། མདོར་ན་མདོ་སྔགས་ཡོངས་རྫོགས་ལ་སློབ་གཉེར་གནང་ཆོག་པར་མ་ཟད། ཟས་གོས་གནས་མལ་སོགས་ཀྱི་མཐུན་འགྱུར་བསྐྲུན་ཏེ་མཉམ་མེད་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་འཛིན་སྐྱོང་སྤེལ་བཞིན་པ་ལགས་སོ། ། ནང་རྟེན་ནི། གཙོ་བོ་ཇོ་བོ་མི་འགྲོ་གསུང་བྱོན་འདི་ཡིན་ལ། འདི་ནི་ཀོང་ཇོ་བོད་དུ་བག་མར་ཕེབས་སྐབས་ཞལ་སྐྱིན་དུ་བརྫངས་པ་ཞིག་ཡིན་པ་ལ། ད་ལྟའི་དཔལ་ལྷ་སྒང་ཆགས་ས་འདིར་འབྱོར་དུས། ཇོ་བོའི་ཞལ་ནས། ང་ནི་མི་འགྲོ་ས་ཆེ་འདི་ན་གནས། །ཞེས་གསུངས་པས། ཇོ་བོ་མི་འགྲོ་གསུང་བྱོན་ཞེས་གྲགས་ཤིང་། ཇོ་བོ་འདིའི་ཐོག་མའི་མཚན་དངོས་ནི་ཇོ་བོ་མཐོང་བ་དོན་ལྡན་ཞེས་བརྗོད་དོ། །སྟོན་མཆོག་ཐུབ་པའི་སྐུ་བདུད་རྩི་རང་འབབ་དང་། རང་བྱུང་གྲུབ་ཐོབ་མཆོད་རྟེན། རང་བྱུང་ཐུགས་རྗེ་ཆེན་པོ། མཚོ་བྱུང་དུང་དཀར་གཡས་འཁྱིལ་ཟུང་བཅས་དང་། གཞན་ཡང་རྟེན་རྙིང་རིགས་ཤིན་ཏུ་མང་ངོ་། ། |