55091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉག་ལ་ལི་གཤིས་རི་ལོག་དགོན་ (1)
Part of speech མིང་ཚིག
Definition མཚན་དངོས་རི་ལོག་ཕུན་ཚོགས་བསྟན་དར་གླིང་ནི། ད་སྐབས་ཉག་ཆུ་ལྷ་ལུང་ཡུལ་གྱི་ལྟེ་བ་རབ་རི་རྩ་ཐང་གི་དཀྱིལ་དུ་གནས་ཡོད། དགོན་འདི་ནི་ལྷ་ལུང་གཤིས་རང་དུ་སྐུ་འཁྲུངས་པའི་ས་སྐྱ་པའི་བླ་མ་བསོད་ནམས་བཟང་པོ་ཞེས་པས་དུས་རབས་བཅོ་ལྔའི་ཡན་མན་ཙམ་ན་ད་ལྟའི་ཆགས་ཡུལ་དེའི་གོང་རི་ལོག་གོག་ཟེར་བར་ཐོག་མར་ཕྱག་བཏབ་པར་གྲགས། རི་ཁུད་དགོན་པའི་བླ་མ་སྡེ་དགེ་དབོན་སྤྲུལ་རིན་པོ་ཆེས་དགོན་འདིར་བྱོན་ཏེ་དབྱར་གནས་སོགས་ཆོས་འཁོར་གྱི་རིམ་པ་ལན་མང་བསྐོར་བར་བརྟེན། དགོན་འདི་ཡང་རི་ཁུད་དགོན་པའི་དགོན་མ་ལག་བཅུ་གསུམ་དུ་གྲགས་པའི་ཡ་གྱལ་དུ་གྱུར། དགོན་གནས་དེ་ནི་བཀའ་སྲུང་བསེ་ཁྲབ་དང་རྣམ་ཐས་སྲས་གཏེ་བདག་བརྒྱད་སོགས་དངོས་སུ་གནས་པའི་གདན་ས་ཁྱད་པར་ཅན་ཞིག་ཡིན་པ་རི་ཁུད་མཆོག་སྤྲུལ་འཇིགས་མེད་ཆོས་མེད་ཀྱི་འོད་ཟེར་དང་བླ་མ་རྟ་མགྲིན་ཆོས་དར་གཉིས་ཀྱི་རྣམ་ཐར་ནང་གསལ་བ་མ་ཟད། རྗེ་དེ་གཉིས་ལ་བཀའ་སྲུང་དེ་གཉིས་ཀྱིས་དངོས་སུ་ཞལ་གཟིགས་ཚུལ་སོགས་བླ་མ་རྟ་མགྲིན་ཆོས་དར་ཀྱི་རྣམ་ཐར་ནང་གསལ། དགོན་འདིའི་མདུན་རིར་དྭངས་གསིལ་གྱི་ཆུ་མིག་བདུན་ཅན་ཞིག་མཇལ་རྒྱུ་ཡོད། དེ་ནི་བླ་མ་རྟ་མགྲིན་ཆོས་དར་གྱི་འཁྲུངས་གནས་ཡིན། བླ་མ་རྟ་མགྲིན་ཆོས་དར་གྱིས་དགོན་འདིར་ཁྲི་པ་མཛད་ཅིང་བཀའ་འགྱུར་ལྷ་ཁང་དང་ཐུགས་རྗེ་ཆེན་པོའི་ལྷ་ཁང་སོགས་གསར་བཞེངས་མཛད་དེ་སྔར་ལས་རྒྱ་བསྐྱེད་དུ་བཏང་། དགོན་པའི་མཚན་ལའང་རི་ལོག་བསྟན་དར་ཕུན་ཚོགས་གླིང་ཞེས་གསོལ། མགོན་པོའི་དྲུག་ཅུའི་གཏོར་བཟློག་བཅས་བསྒྲུབ་མཆོད་འགའ་གསར་དུ་བཙུགས་པ་སོགས་དགོན་འདིར་བསྟན་འགྲོའི་དོན་ལོ་མང་རིང་བསྐྱངས། སྔོན་དགེ་འདུན་པའི་ཞལ་གྲངས་བདུན་ཅུ་ལྷག་ཙམ་ཡོད་ཅིང་མ་དགོན་དང་མཉམ་ཚོགས་ཡིན། དུས་འགྱུར་སྐབས་དགོན་འདི་ཉིད་ཀྱང་རྩ་གཏོར་དུ་སོང་ནའང་རྗེས་ནས་རི་ཁུད་དགོན་པའི་མཁན་ཟུར་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེ་མཆོག་ནས་མཁན་པོ་མཛད་ཞོར་དུ་སླར་ཡང་གནས་དེ་ཉིད་དུ་བསྐྱར་གསོ་མཛད།