55179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དར་མ་ (1)
Part of speech མིང་ཚིག
Definition ལོ་ན་བཅུ་བདུན་ནས་ལོ་ན་བདུན་ཅུའི་བར་གྱི་མིའམ། ཡང་ན། ལུས་ཀྱི་ལང་ཚོ་རྫོགས་ནས་ལུས་སྟོབས་མ་ཉམས་པའི་བར་གྱི་མི་སྟེ། བཤད་རྒྱུད་ལས། སྐྱེས་པ་ནས་ལོ་བཅུ་དྲུག་གི་བར་ནི་བྱིས་པའམ་ཁྱེའུ་ཕྲུག་གུ་ཞེས་བྱ་ལ། དེ་ལས་འདས་ནས་ལུས་ཟུངས་དང༌། དབང་པོ་དང༌། གཟི་མདངས་དང༌། སྟོབས་ལ་སོགས་པ་འཕེལ་བར་འགྱུར་བ་ལོ་བདུན་ཅུའི་བར་དུ་དར་མ་ཞེས་བྱ་སྟེ། དེ་ལས་ཀྱང་འདས་ནས་ལུས་ཟུངས་ལ་སོགས་པ་ཟད་པའི་འགོ་རྩོམ་པ་ཕན་ཆད་ནི་རྒན་པོ་ཞེས་བྱ་བས་རྣམ་པ་གསུམ་ཡིན་ནོ། །ཞེས་དང་། ཡང་། འདི་ནི་ཚེ་ལོ་བརྒྱ་བའི་དུས་ལ་དགོངས་པ་ཡིན་ཡང༌། དོན་ལ་ལང་ཚོ་མ་རྫོགས་བར་བྱིས་པ་དང༌། སྟོབས་མདངས་བྲི་བའི་འགོ་མ་བརྩམས་ཚུན་དར་མ་དང༌། དེ་ནས་རྒན་པོ་ཞེས་བརྗོད་ན་དུས་ཀུན་ལ་སྦྱར་དུ་རུང་ངོ༌། །ཞེས་གསུངས་སོ། །ཡང་། མན་ངག་རྒྱུད་ལས། ན་ཚོད་བཅུ་དྲུག་ནས་བདུན་ཅུའི་བར་དར་མ་ཞེས་བཤད་རྒྱུད་དུ་བཤད་ཀྱང༌། དེ་ནི་ཚེ་ལོ་བརྒྱ་པ་ལ་དགོངས་པ་འདྲ་ཞིང༌། འདིར་བཅུ་དྲུག་ཕན་ལ་རྩ་རླུང་ཐིག་ལེའི་ཁམས་རྣམས་རྫོགས་པས་དར་མར་བྱེད། དེ་ནས་ལྔ་བཅུ་ཙམ་ལ་རྩ་བའི་རླུང་ལྔའི་སྟོབས་ཉམས་པས་རྒད་པོར་འགྱུར་བས་དེ་བར་གྱི་དར་མ་ཞེས་གསུངས་སོ། །ཞེས་ལོ་ན་བཅུ་བདུན་ནས་ལྔ་བཅུ་ཙམ་གྱི་བར་ལ་དར་མ་ཡིན་ནོ། །