55201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཕམ་ཆོས་ཀྱི་བྱམས་པ་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་བརྒྱད་པ་མི་ཕམ་ཆོས་ཀྱི་བྱམས་པ་ནི་མགོ་ལོག་ཡོ་སྟག་གི་རྨོག་གདོང་ཟེར་བའི་གྲོང་དེར་ཨ་ལྕགས་རིགས་རུས་ཀྱི་བརྒྱུད་པ་སྔགས་འཆང་ནམ་མཁའ་རང་གྲོལ་ཡབ་ཡུམ་གྱི་སྲས་སུ་ས་ལུག་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། འཛམ་ཐང་ཆོས་རྗེའི་སྐུ་སྐྱེས་སུ་ངོས་འཛིན་གནང་སྟེ་ཁྲི་སྟོན་བྱས་ཤིང་། ཡོངས་འཛིན་རྟོགས་ལྡན་མཁས་མཆོག་གི་དྲུང་ནས་ཐོག་མར་ཀློག་ཡིག་སོགས་བསླབས། རྡོ་རྗེ་འཆང་བསླབ་གསུམ་མཆོག་གི་དབང་ཕྱུག་སྐྱབས་རྗེ་ངག་དབང་བསམ་གཏན་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་ཆོས་ཀྱི་སེང་གེ་མདོ་རྒྱུད་བསྟན་སྐྱོང་ཞེས་གསོལ། དགུང་ལོ་དགུ་ཙམ་ནས་སྐྱབས་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་མདུན་ནས་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་མན་ངག་བཤད་ཁྲིད་ཡོངས་རྫོགས་གནང་། དགུང་ལོ་བཅུ་བཞིའི་སྐབས་དཔོན་སློབ་དང་བཅས་སྡེ་དགེའི་དཔལ་སྤུངས་སུ་ཕེབས་ནས། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དྲུང་ནས། ཇོ་ནང་རང་ལུགས་ཀྱི་ཆོས་བཀའ་ཅི་རིགས་དང་ཤངས་ཆོས་སོགས་བཀའ་རྙིང་ས་དགེའི་ཟབ་ཆོས་མང་དུ་ཞུས་ཏེ། མཚན་ལ་ཀུན་དགའ་མི་ཕམ་ཆོས་ཀྱི་བྱམས་པ་ཞེས་གསོལ་ལ། གཞན་ཡང་མདོ་སྔགས་ཀྱི་གཞུང་ལུགས་དང་རིག་གནས་ཡང་མང་དུ་གསན་སྦྱངས་བྱས། སྐབས་དེར་སྡེ་དགེ་ཕྱོགས་སུ་ལོ་མང་བཞུགས་ཏེ་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐུ་མདུན་ནས་ཆོས་བཀའ་ཟབ་དགུའི་གདམས་པ་ཆེས་མང་གསན། རང་ཡུལ་ཇོ་ནང་འཛམ་ཐང་དགོན་དུ་སླར་ཕེབས་ཏེ་དགུང་ལོ་ཉི་ཤུའི་སྟེང་ཙམ་ལ་གོང་མའི་གདན་ས་བཟུང་སྟེ་ཆོས་སྲིད་ཟུང་འབྲེལ་སྐྱོང་བའི་ཐུགས་ཁུར་བཞེས། ཆོས་སྲིད་ལ་ཞབས་འདེགས་མཛད་པར་རྒྱ་ནག་གོང་མ་ཆིན་ཧྲི་ཀེང་ཤུས་བཀའ་ཡིག་འཇའ་ས་འབྱོར་གནང་གིས་ཆོས་རྗེ་འདི་བ་ལ་ལེགས་སྐྱེས་འབུལ་སྒོ་མཛད། གཞན་ཡང་ཁམས་ཕྱོགས་ཀྱི་ཨ་སྐྱོང་ཁང་རྒན་དཔོན་ཨོ་རྒྱན་པ་དང་། གོང་མའི་དཔོན་ཀརྨ་མཐུ་སྟོབས་སོགས་ཀྱིས་བླ་མར་བཀུར་ཏེ་བསྟན་པའི་སྦྱིན་བདག་མཛད། རིག་གནས་དང་བཟོ་ལས་སོགས་ལ་མཁས་པའི་ཆོས་རྗེ་འདི་ཉིད་ཀྱི་གསུང་རྩོམ་ཡང་ཇོ་ནང་རང་ལུགས་ཀྱི་སྔོན་འགྲོ་ངག་འདོན་གྱི་རིམ་པ་དང་། གཏོར་མའི་ཆོ་ག་རྒྱུན་ཁྱེར་གྱི་ཚུལ་སོགས་བཀའ་དང་དགོངས་གཏེར་གཏོགས་པ་གླེགས་བམ་གཅིག་ལྷག་ཙམ་ཡོད། ཆུ་ལུག་དགུང་ལོ་ཉེར་ལྔའི་སྟོད་ཙམ་ན་རྔ་བ་ཕྱི་འབྲོག་སོགས་སུ་ཕེབས་ནས་འགྲོ་དོན་བསྐྱངས། སྐབས་དེར་ཕ་རྡོ་རྗེ་འཆང་དང་ཞལ་འཛོམས་མཛད་ནས་སྐུ་ཕྱོགས་ཕ་མཐའི་སྒར་དུ་ཆོས་རྗེ་གདན་འདྲེན་ཞུས་ཏེ་ཕན་ཚུན་ཆོས་ཀྱི་བཀའ་མོལ་ཟབ་ཁྱད་ཅན་དང་བཅས་ཐུགས་མཉེས་ཆེན་པོའི་སྒོ་ནས་ཟངས་དཀར་བླ་བྲང་ལ་ཆོས་རྗེ་འདིའི་ཡང་སྤྲུལ་རྗེས་སུ་འཁྲུངས་ངེས་ཀྱི་གནས་གཡར་གནང་། དགུང་ལོ་ཉེར་ལྔའི་སྨད་ཙམ་དུ་གློ་བུར་དུ་སྐུ་བསྙུན་གྱིས་ཟིན་ཏེ་སྐུ་མྱ་ངན་ལས་འདས། ཆོས་རྗེ་ཁོང་དང་དུས་མཉམ་པ་ནི་༧རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པའི་སྨད་དང་། བཅུ་གཉིས་པ། པཎ་ཆེན་སྐུ་ཕྲེང་བདུན་པའི་མཇུག་དང་བརྒྱད་པའི་སྐུ་ཚེ་ཐོག་མ་ཙམ་ཡིན་ནོ། །

{{#arraymap:མི་ཕམ་ཆོས་ཀྱི་བྱམས་པ་

|; |@@@ | | }}