55300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཐུན་པ་གཉིས་དང༌བྲལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལས་བྱེད་པ་པོའི་གང་ཟག་ལ་མ་འདུས་པའི་མི་མཐུན་པ་དང་། འདུས་པ་ཕྱིར་ཟློག་གི་མི་མཐུན་པ་གཉིས་དང༌བྲལ་བ་ཞིག་དགོས་པ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་མི་མཐུན་པ་གཉིས་དང༌བྲལ་བ་དགོས་པ་ཡིན་ཏེ། མ་འདུས་པའི་མི་མཐུན་པ་དང་། འདུས་པ་ཕྱིར་ཟློག་གི་མི་མཐུན་པ་གཉིས་དང༌བྲལ་དགོས་པའི་ཕྱིར། མ་འདུས་པའི་མི་མཐུན་པ་བསྐྱེད་པ་ལ་ཡང་ཆོས་དྲུག་དང་ལྡན་པ་དགོས་ཏེ། མདོར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ། ཁ་སྐོང་བར་འོས་པ་ལུས་སམ་དེ་ལ་འདུན་པས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་ཞེས་འབྱུང་བ་ལས། མཚམས་ནང་དེའི་དགེ་སློང་ཁ་སྐོང་བར་འོས་པ། ལུས་སམ་འདུན་པས་མ་འདུས་པ། སྨྱོས་པའི་གནང་བ་མ་ཐོབ་པ། མཚམས་ཀྱི་ནང་ན་ཡོད་པར་དགེ་སློང་རྣམས་ཀྱིས་ངེས་པར་ཤེས་སམ་འཕྲིགས་པ། རིགས་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། གསོལ་བ་ཙམ་ཡང་མ་ཐོས་པ་སྟེ་དྲུག་ཚང་བ་ཞིག་དགོས་པའི་ཕྱིར། གཉིས་པ་འདུས་པ་ཕྱིར་བཟློག་གི་མི་མཐུན་པ་བསྐྱེད་པ་ལ་ཡང་ཆོས་དྲུག་ལྡན་ཞིག་དགོས་ཏེ། ལས་མཚམས་ཀྱི་ཁོངས་སུ་གཏོགས་ཤིང་ཁ་སྐོང་བར་འོས་པ། སྤྱོད་ལམ་ལས་མ་ཉམས་པ། རང་བཞིན་དུ་གནས་པ། ངག་ཡང་དག་པར་བསྡམས་པ། འདུལ་བ་མངོན་པར་ཤེས་པ། ནང་ཞེ་འཁོན་དང་བཅས་པ་མ་ཡིན་པ་རྣམས་དགོས་པའི་ཕྱིར། མདོར། ཕྱིར་ཟློག་པར་བྱེད་པ་ཡང་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པར་གལ་ཏེ་མི་མཐུན་པ་དང་ལྡན་ན་སྤྱོད་ལམ་ལས་མ་ཉམས་པ་དང་། རང་བཞིན་དུ་གནས་པ་དང་། ངག་ཡང་དག་པར་བསྡམས་པས་མངོན་པར་མི་ཤེས་པ་དང་ནང་དང་བཅས་པ་མ་གཏོགས་པ་ནི་མི་མཐུན་པ་ཉིད་དོ། །ཞེས་གསུངས། ཞེས་གསལ།
Domain ཆོས་ལུགས།