55323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཐུན་ཕྱོགས་གཞི་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཆོས་ཅན་འཁོར་བ་ལ་དོར་བྱ་དང་། མྱ་ངན་ལས་འདས་པ་ལ་བླང་བྱར་ཞེན་པའི་ཚུལ་གྱིས་གནས་པ་ཡིན་པར་ཤེས་པར་བྱ་སྟེ། སྲིད་པ་ལ་དོར་བྱ་ཕུང་པོའི་དངོས་པོ་དང་། ཞི་བ་ལ་བླང་བྱ་ཕུང་པོའི་དངོས་པོ་མེད་པར་དམིགས་པའི་ཕྱིར་ཏེ། གཞན་དོན་དུ་འཁོར་བར་འཇུག་ནུས་ཀྱི་སྙིང་བརྩེ་བ་དང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བའི་ཕྱིར་ཡང་དག་པར་ཤེར་ཕྱིན་ལ་རིང་བར་འགྱུར་བ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར་རོ། །འདིར་སློབ་དཔོན་གྱིས་སྤང་བྱ་མཚན་འཛིན་དང་གཉེན་པོ་གཞི་ཤེས་ཉན་རང་བྱང་སེམས་སོ་སོ་ལ་ཡོད་པར་བཤད་པ་ནི་རྣམ་པ་གསལ་བས། སོ་སོའི་རྒྱུད་ལ་མཚན་གཞི་ངོས་བཟུང་བ་ཡིན་གྱི། གང་ཟག་སོ་སོ་ལ་ཡོད་པ་དངོས་ཀྱི་སྤང་གཉེན་དུ་མི་རུང་སྟེ། བྱང་སེམས་ཀྱི་རྒྱུད་ཀྱི་གཉེན་པོས་ཉན་རང་གི་རྒྱུད་ཀྱི་སྒྲིབ་པ་སྤོང་བར་མི་རིགས་པས་སོ། །གཞན་དུ་ན་བྱང་སེམས་འབད་ཀྱང་མི་གྲོལ་བའམ་ཉན་རང་འབད་མེད་དུ་གྲོལ་བར་འགྱུར་རོ། །དེ་བས་ན་གཉེན་པོ་གཞི་ཤེས་བྱང་སེམས་ཀྱི་རྒྱུད་ལ་ཡོད་པས་སྤང་བྱ་ཡང་དེ་ཉིད་ཀྱི་རྒྱུད་ལ་ཡོད་པར་རིགས་སོ། །ཉན་རང་གི་གཞི་ཤེས་ཀྱང་མཚན་འཛིན་གྱིས་བཅིངས་པས་མི་མཐུན་ཕྱོགས་སུ་བསྟན་གྱི་མཚན་འཛིན་དངོས་ནི་མ་ཡིན་ཏེ། གཞི་ཤེས་ནི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་གསུམ་ཡིན་ལ། གཞི་ལམ་ལ་བདེན་པའི་མཚན་འཛིན་ནི། སྒྲ་དོན་སྣང་བའི་རྟོག་པ་ལས་མ་འདས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། གཞི་ལམ་འབྲས་གསུམ་གང་རུང་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མངོན་རྟོགས། ཞེས་གསུངས། པཎ་ཆེན་ཤཱཀ་མཆོག་གིས། མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་གྱི་གཞི་ཤེས་དེ། མི་མཐུན་ཕྱོགས་གཞི་ཤེས་ཀྱི་མཚན་ཉིད། མཚན་འཛིན་ལ་དབྱེ་ན། གཞི་ལ་མཚན་མར་འཛིན་པའི་མཚན་འཛིན། ལམ་ལ་མཚན་མར་འཛིན་པའི་མཚན་འཛིན། འབྲས་བུ་ལ་མཚན་མར་འཛིན་པའི་མཚན་འཛིན་ཏེ་གསུམ་མོ། །མཚན་འཛིན་ཙམ་ནི་འདིར་བསྟན་མཚན་འཛིན་དུ་མི་བཟུང་སྟེ། འདིར་བསྟན་མཚན་འཛིན་དེ་མཚན་འཛིན་ཙམ་གྱི་གཉེན་པོར་གསུངས་པའི་ཕྱིར་རོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།