55349

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཚངས་སྤྱོད་ཀྱི་ཕམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རྨ་གསུམ་མཚན་ཉིད་དང་ལྡན་པ་ལ་བཅུག་རེག་ཉམས་སུ་མྱོང་ཞིང་ཡིད་ཀྱི་བདག་གིར་བྱས་པས་ན་མི་ཚངས་སྤྱོད་ཀྱི་ཕམ་པ་ཟེར། མཚན་ཉིད་ནི། པཎ་ཆེན་འདུལ་བ་ལས། བཅས་ལྡན་དགེ་སློང་གིས་རང་གཞན་གང་རུང་གི་ལུས་ཕྱེད་ཡན་ཆད་ལ་གནས་པའི་ལམ་གསུམ་གང་རུང་མ་ཉམས་པར་ནོར་བུ་བཅུག་ཏེ་རེག་པའི་བདེ་བ་ལུས་ཤེས་ཀྱིས་ཉམས་སུ་མྱོང་ཞིང་། ཡིད་ཤེས་ཀྱིས་བདག་གིར་བྱས་པ་མི་ཚངས་སྤྱོད་ཀྱི་ཕམ་པའི་མཚན་ཉིད། གླེང་གཞི་ནི། ཡུལ་སྤོང་བྱེད་དུ་དགེ་སློང་བཟང་བྱིན་གྱིས་མི་ཚངས་པར་སྤྱོད་པ་ལ་བརྟེན་ནས་ལྟུང་བ་ཕམ་པའི་ལྟུང་བ་འདི་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །དོགས་གཅོད་ནི། བཅས་ལྡན་དགེ་སློང་དེ་ཡང་གོང་དུ་བཤད་པ་ལྟར་ལས་དང་པོ་པ་མ་ཡིན་པ་ཞིག་དགོས་ཏེ། དགེ་སློང་བཟང་སྦྱིན་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་མ་བྱུང་བར་བཤད་པའི་ཕྱིར། ལུས་ཕྱེད་དུ་ལོངས་པ་ཞིག་དགོས་ཏེ་མགོ་བཅད་པའི་ཁ་ནང་ལྟ་བུར་བཅུག་ཀྱང་དངོས་གཞི་མི་བསྐྱེད་པའི་ཕྱིར། སྔོན་རྣམ་ཤེས་ལེན་མྱོང་བ་ཞིག་དགོས་ཏེ། དེ་མི་དགོས་ན། ཤིང་ལ་སོགས་པར་བུད་མེད་ཀྱི་གཟུགས་བརྙན་བྱས་པ་དང་སྤྲད་པས་སྦོམ་པོ་ཙམ་ཞིག་བསྐྱེད་པར་གསུངས་པ་དང་འགལ་བའི་ཕྱིར། ལམ་གསུམ་དང་དེར་རྩོལ་བའི་ནོར་བུ་རང་མ་ཉམས་པ་གཅིག་དགོས་ཏེ། ཉམས་ན་སྦོམ་པོ་ཙམ་ཞིག་སྐྱེད་པའི་ཕྱིར། རེག་པའི་བདེ་བ་ཡང་རྫོགས་པར་མྱོང་བ་ཞིག་དགོས་ཏེ། ཆེ་ཆུང་སྤྲད་མི་བཟོད་པ་ལྟ་བུ་ལ་བདེ་བ་རྫོགས་པར་མི་སྐྱེད་པའི་ཆ་ནས་དངོས་གཞི་མི་འབྱུང་བར་གསུངས་པའི་ཕྱིར། ཡིད་ཤེས་ཀྱིས་བདག་གིར་བྱས་པ་ཡང་དགོས་ཏེ། སྲེད་པ་དང་བཅས་པ་ཞིག་དགོས་པའི་ཕྱིར་ཏེ། དགེ་སློང་མ་སེར་སྐྱའི་བུ་མོ་བཟང་མོ་ལ་རྒྱལ་པོ་མ་སྐྱེས་དགྲས་མི་ཚངས་པར་སྤྱོད་པའི་ཚེ་སྲེད་པ་མེད་པས་ལྟུང་བ་མ་བྱུང་བར་འཇོག་པའི་ཕྱིར། དེ་ཡང་འཁྲིག་པའི་བསམ་པས་བགྲོད་བྱ་ལ་ནོམ་ཉུག་བྱེད་པ་ནས་བཟུང་སྟེ་བདེ་བ་རྫོགས་པར་མ་མྱོང་གི་བར་སྦྱོར་བའི་སྦོམ་པོ། དེའི་སྔ་རོལ་ཏུ་ལུས་ངག་ཏུ་ཐོན་པ་ནས་ནོམ་ཉུག་མི་བྱེད་པའི་བར་སྦྱོར་བའི་སྦྱོར་བ་ཉེས་བྱས་རག་པ། དེའི་སྔ་རོལ་གྱི་ཀུན་སློང་བྱུང་བ་ནས་ལུས་ངག་ཏུ་མ་ཐོན་པའི་བར་ཉེས་བྱས་ཕྲ་མོར་འགྱུར་བ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།