55350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཚངས་སྤྱོད་པའི་ཕམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཕམ་པ་བཞིའི་དང་བོ། གླེང་གཞི་ནི། ཡུལ་སྤོང་བྱེད་དུ་དགེ་སློང་བཟང་བྱིན་གྱིས་མི་ཚངས་པར་སྤྱད་པ་ལ་བརྟེན་ནས། ལྟུང་བ་ཕམ་པར་བཅས་སོ། །དགག་བྱ་ནི། མི་ཚངས་པར་སྤྱོད་པའི་བྱ་བ་དང་འབྲེལ་ནས་འཁྲིག་པའི་འདོད་ཆགས་འཕེལ་བ། ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་འབའ་ཞིག་གམ་རང་གཞན་གྱི་ལམ་དང་ཡན་ལག་ཕྲད་པའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །རྟེན་གྱི་ཡན་ལག་ནི། དགེ་སློང་གི་སྡོམ་པ་གསོ་རུང་བ་ཡན་ཆད་དང་ལྡན་པ་དང་། བསླབ་པའི་བཅས་པ་དང་འབྲེལ་བ་དང་། ཤེས་པ་རང་བཞིན་དུ་གནས་པའོ། །གཞིའི་ཡན་ལག་ལ་གསུམ་ལས། གང་ལ་རྩལ་བའི་ཡུལ་གྱི་ཡན་ལག་ནི་ལུས་ཕྱེད་དུ་ལོངས་པ་ཡན་ཆད་ཀྱི་རྨའི་སྒོ་གསུམ་གང་ཡང་རུང་བ་མ་ཉམས་པ་དང། བགྲོད་པར་ནུས་པའོ། །དེ་ལ་རྩལ་བ་རྟེན་གྱི་ཡན་ལག་ནི་རང་རྒྱུད་དུ་གཏོགས་པའི་ནོར་བུ་ནད་མེད་པ་དང། ལས་སུ་རུང་བའོ། །བསམ་པའི་ཡན་ལག་ལ་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ། ཀུན་སློང་བདེ་བ་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་རེག་ཅིང་རྩོལ་བར་ཞུགས་པའོ། །མཐར་ཐུག་དེའི་བདེ་བ་ཉམས་སུ་མྱོང་བའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །བརྟེན་བྱ་རྨའི་སྒོ་གསུམ་གང་རུང་དུ་རྟེན་བྱེད་ཕོའི་ཟག་བྱེད་རེག་ཅིང་བཅུག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བའི་དངོས་གཞིའི་ལྟུང་བ་དེ་མི་ཚངས་སྤྱོད་ཀྱི་ཕམ་པའི་མཚན་ཉིད། འདི་ལ་རྟེན་གྱི་སྒོ་ནས་གཉིས་སུ་ཡོད་དེ། ཕའི་རྒྱུད་ཀྱི་ཕམ་པ་དང། མའི་རྒྱུད་ཀྱི་ཕམ་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།