55635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྡུག་པ་བསྒོམ་པའི་རྣལ་འབྱོར་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་སྡུག་པ་བསྒོམ་པའི་རྣལ་འབྱོར་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་རོ། །དེ་ལ་རང་གི་ལུས་ཀྱི་རྐང་པའི་མཐེ་བོང་ངམ་དཔྲལ་བའི་དབྱེས་ལ་སོགས་པ་གང་མོས་པ་ནས་ཤ་འཐེབ་གང་མྱགས་ཏེ་བོག་ནས་རུས་པ་ཉིད་དུ་སེམས་ཤིང་གོམས་པར་བྱེད་ལ། དེ་ནས་རིམ་གྱིས་ལུས་རིལ་པོ་དང་། གནས་ཁང་དང་། མཐར་གྱིས་ཕྱིའི་རྒྱ་མཚོའི་བར་དུ་སྤྲོ་ཞིང་། ཡང་རིམ་གྱིས་རང་གི་ལུས་འབའ་ཞིག་རུས་པ་ཡིན་པ་ལ་སྡུད་པས་ནི་ལས་དང་པོ་པའི་རྣལ་འབྱོར་རོ། །དེ་ནས་སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར་རྐང་པའི་རུས་པ་རྣམས་བོར་ཞིང་ལུས་ལྷག་མ་རུས་པ་ཉིད་དུ་དམིགས་པ་ནས་བཟུང་ནས་ནི་རིམ་གྱིས་ལུས་ཕྱེད་དང་དེ་ནས་ཐོད་པའི་ཕྱེད་ཀྱི་བར་དུ་རུས་པར་བཏང་ཞིང་བོར་ནས་ཐོད་པའི་ཕྱེད་རུས་པ་ཉིད་ཡིན་པ་ལ་སེམས་འཛིན་པས་ནི་ཡོངས་སུ་སྦྱང་བ་བྱས་པའི་རྣལ་འབྱོར་ཡིན་པར་བཤད་དོ། །དེ་ཐོད་པ་ཕྱེད་ཀྱང་རུས་པ་ཡིན་པའི་དམིགས་པ་བོར་ནས་སྨིན་མ་གཉིས་པོའི་བར་དུ་རུས་པ་འཐེབ་གང་ཙམ་ལ་སེམས་འཛིན་པས་ནི་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་དོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།