55661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྣང་བའི་འབྲེལ་ཟླའི་ཁྱབ་བྱེད་མ་དམིགས་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་ཁྱབ་བྱེད་བཀག་པ་རྟགས་སུ་བཀོད་ནས་དེ་སྒྲུབ་ཀྱིས་དགག་བྱའི་ཆོས་དེ་འགོག་པའི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཚང་བ་དེ་མི་སྣང་བའི་འབྲེལ་ཟླའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཅེས་བྱ་སྟེ། དེའི་མཚན་གཞིར། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་ཏེ། ཤ་ཟ་བསྐལ་དོན་སོང་བའི་གང་ཟག་གིས་ཤ་ཟ་ཡོད་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་དེ་ཡིན་པས་དེ་ལས་གོ་བར་ནུས་སོ། །དེ་ཡང་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དང། དེ་སྒྲུུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། མཚན་ཉིད་རིམ་པ་ལྟར། ཁྱོད་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། མེད་དགག་ཀྱང་ཡིན་པའི་གཞི་མཐུན་པ་དེ་དང་པོའི་མཚན་ཉིད། དེ་གང་ཞིག། མ་ཡིན་དགག་དང་། སྒྲུབ་པ་གང་རུང་ཡང་ཡིན་པའི་གཞི་མཐུན་པ་དེ་གཉིས་པའི་མཚན་ཉིད། དང་པོ་ལ་དབྱེ་ན། མི་སྣང་བའི་རྒྱུ། ཁྱབ་བྱེད། རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ། མཚན་གཞི་རིམ་པ་ལྟར། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་དང་པོ་ཡིན། ཤ་ཟ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་པ་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་གཉིས་པ་ཡིན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།