55948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིང་ (1)
Part of speech མིང་ཚིག
Definition མི་དང་། དངོས་པོ་དང་། ས་ཆ་སོགས་ལ་བཏགས་པའི་བརྡའམ་ཐ་སྙད།
Keyword True
Example ངའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར། ཤིང་སྡོང་འདིའི་མིང་ལ་གསོམ་པ་ཟེར། ས་ཆ་འདིའི་མིང་ལ་རྩེད་ཐང་ཟེར་ལྟ་བུ།
མིང་ (2)
Part of speech མིང་ཚིག
Definition མིང་གི་མཚན་ཉིད་ནི། ཁྱད་པར་དང་མ་སྦྱར་བར་དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པའི་རྗོད་བྱེད་དོ། །མིང་རེ་རེ་ལའང་ཡི་གེའི་ཆ་མང་བ་དང་ཉུང་བ་ཅི་རིགས་པར་འགྱུར་ཏེ། རེས་འགའ་ནི་མིང་མང་པོ་སྦྱར་བ་ལས་དོན་གཅིག་གི་མིང་དུ་འགྱུར་བ་ཡོད་དེ། ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་ཞེས་པའི་མིང་ལྟ་བུའོ། །འགའ་ཞིག་ཏུ་ཡི་གེ་ཉུང་ངུར་ཡང་འགྱུར་བ་ཡིན་ཏེ། ཤིང་ཞེས་པ་བཞིན་ནོ། །དབྱེ་བ་ལ། དངོས་མིང་དང་བཏགས་མིང་གཉིས། མིང་གི་སྒྲ་དང་རིགས་ཀྱི་སྒྲ་གཉིས། འདོད་རྒྱལ་མིང་གི་དང་། བཤད་པ་རྒྱུ་མཚན་ཅན་གྱི་མིང་ལ་སོགས་པའི་དབྱེ་བས་དུ་མར་འགྱུར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །མིང་གི་མཚན་ཉིད་ནི། རང་གི་གདགས་གཞི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་རྗོད་བྱེད་དོ། །དབྱེ་ན། ཐོག་མ་ཉིད་དུ་གྲུབ་པའི་མིང་དང་། རྗེས་སུ་གྲུབ་པའི་མིང་གཉིས་སོ། །འདོད་རྒྱལ་གྱི་མིང་གི་མཚན་ཉིད་ནི། མིང་དང་རྒྱུ་མཚན་ལ་མ་བརྟེན་པར། འདོད་རྒྱལ་ཐོག་མར་སྦྱར་བའི་མིང་། དཔེ་ནི། ཚ་ཞིང་བསྲེག་པ་ལ་མེ་ཞེས་བཏགས་པ་ལྟ་བུའོ། །རྗེས་གྲུབ་མིང་གི་མཚན་ཉིད་ནི། སྔར་གྲུབ་ཟིན་པའི་མིང་ཞིག་དོན་གཞན་གྱི་མིང་དུ་བཏགས་པ། དཔེ་ནི། བྲམ་ཟེའི་ཁྱེའུ་ལ་མེ་ཞེས་བཏགས་པ་ལྟ་བུ་ཡིན་ལ། དབྱེ་ན། འདོད་རྒྱལ་དང་། དོན་ལྡན་གཉིས་སོ། །རྗེས་གྲུབ་ཀྱི་མིང་གང་ཞིག སྒྲ་བཤད་དུ་མེད་པ་དེ་རྗེས་སུ་གྲུབ་པའི་འདོད་རྒྱལ་གྱི་མིང་གི་མཚན་ཉིད། དཔེ་ནི། ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །དེ་གང་སྒྲ་བཤད་དུ་ཡོད་པ་དེ་རྗེས་སུ་གྲུབ་པའི་དོན་ལྡན་གྱི་མིང་གི་མཚན་ཉིད། དཔེ་ནི་ཁྱི་དཀར་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །མིང་ཐམས་ཅད་འདོད་རྒྱལ་དུ་མཚུངས་པ་ལ། འདོད་རྒྱལ་དང་རྗེས་གྲུབ་གཉིས་སུ་འབྱེད་པ་ཅི་ཞེ་ན། འདོད་རྒྱལ་གྱི་མིང་ནི་མིང་གཞན་གང་ལ་ཡང་མ་རྟེན་པ་ཡིན་ཏེ། ཆོས་ཉིད་ཀྱི་རིགས་པ་གཞན་གང་ལ་ཡང་མི་རྟེན་པ་བཞིན་ནོ། །རྗེས་གྲུབ་ཀྱི་མིང་ནི་འདོད་རྒྱལ་གྱི་མིང་ལ་བརྟེན་དགོས་པ་ཡིན་ཏེ། འཐད་པ་སྒྲུབ་པའི་རིགས་པ་དེ་ཉིད་ཀྱི་རིགས་པ་ལ་བརྟེན་དགོས་པ་བཞིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Domain ཚད་མ།
མིང་ (3)
Part of speech མིང་ཚིག
Definition རྗོད་བྱེད་ལ་ངོ་བོའི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མིང་གི་མཚན་ཉིད་ཡུལ་གྱི་ངོ་བོ་ཙམ་རྗོད་བྱེད། དཔེར་ན་བུམ་པ་ཞེས་པ་ལྟ་བུའོ། །དབྱེ་ན་(དངོས་མིང་དང་བཏགས་མིང་)གཉིས། ཞེས་གསུངས།
མིང་ (4)
Part of speech མིང་ཚིག
Definition རང་གང་ལ་འཇུག་པའི་དོན་དེ་གོ་བར་བྱེད་པའི་ཉན་བྱ་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། རང་གི་དོན་དེ་གོ་བར་བྱེད་པའི་ཉན་བྱ་དེ། རང་ཉིད་མིང་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། བཏགས་མིང་དང་། དངོས་མིང་གཉིས་ལས། ཞེས་གསུངས་པའི་ཕྱིར།
མིང་ (5)
Part of speech མིང་ཚིག
Definition མདོ། མངོན་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་མིང་དང་གཟུགས་ཞེས་པའི་མིང་སྟེ། དེ་ཡང་མིང་ནི་གཟུགས་ཅན་མིན་པའི་ཕུང་པོ། ཅིའི་ཕྱིར་ཞེ་ན། མིང་དང་དབང་པོ་དང་དོན་གྱི་དབང་གིས་དོན་རྣམས་ལ་གཞོལ་བས་ན་མིང་ངོ་། །མིང་གང་གི་དབང་གིས་ཤེ་ན། འཇིག་རྟེན་ན་གྲགས་པ་མིང་ཡིན་པ་སྟེ། དོན་དེ་དང་དེ་དག་གོ་བར་བྱེད་པ་བ་ལང་དང་། རྟ་དང་། གཟུགས་དང་། རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེ་ཡང་ཅིའི་ཕྱིར་མིང་ཉིད་ཡིན་ཞེ་ན། འོན་ཏེ་དེ་དག་ལ་མིང་དེ་གཞོལ་བར་བྱེད་པའི་ཕྱིར་རོ། །མིང་ནི་འཇིག་རྟེན་ན་གྲགས་པ་གང་ཡིན་པ་དེ། དོན་དེ་དང་དེ་དག་གོ་བར་བྱེད་པ་ཙམ་ཡིན་པས་གཟུགས་ཅན་མ་ཡིན་པའི་ཕུང་པོའོ། །གཞན་དག་ན་རེ། འདིར་ལུས་བོར་ནས་སྐྱེ་བ་གཞན་དུ་གཞོལ་བའི་ཕྱིར་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་དག་གོ་ཞེས་ཟེར་རོ། །
Domain ཆོས་ལུགས།