5640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་གསུམ་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མགྲིན་པ་དང༌། བྱེད་པ་ལྕེའི་རྩ་བ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མ་ནིང་གི་ཡི་གེ་ཞིག

{{#arraymap:ག་

|; |@@@ | | }}

ག་ (2)
Part of speech མིང་ཚིག
Definition དགོན་པར་དགེ་འདུན་པ་འཚོག་ཆེད་བརྡུང་བྱའི་ཡོ་བྱད་ཅིག་གི་མིང་སྟེ། ག་ཞེས་པའི་ཡོ་བྱད་དེ་རྒྱུ་ཤིང་གང་ཞིག་གིས་བཟོ་དགོས་པ་ནི། མདོ་ལས། འབྱོར་པར་འདོད་པས་ཤིང་རྣམས་ནི། །རབ་ཏུ་འབད་དེ་བརྟག་པར་བྱ། །ཙནྡན་བིལ་བ་པ་ལ་ཤ ། ཨ་ཤྲད་ཐ་དང་ཙནྡན་དམར། །རྒྱ་སྟར་ཏ་ལ་ཀེང་ཤུ་ཀ།།ཤིང་ཤ་པ་དང་ཏ་མ་ལ། །ཨ་མྲི་སྟར་བུ་སྐྱུ་རུ་ར། །ཏིང་ཏི་ས་ར་ཨ་ཤཽ་ཀ།།འདི་དག་ཐམས་ཅད་མེད་ན་ཡང༌། །འོ་སེ་ལ་ནི་འབད་དེ་བྱ། །རྒྱལ་པོ་འབད་པས་ཐམས་ཅད་དུ། །འདི་དག་མེད་ན་མི་བྱའོ། །ཞེས་གསུངས་པ་ལྟར། ཚད་ཇི་ཙམ་དང་དབྱིབས་ཇི་འདྲ་བྱ་བ་ནི། གའི་མདོ་ལས། ཚད་ནི་ཆུང་ངུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང༌། །ཞེང་དུ་སོར་ནི་དྲུག་བྱ་སྟེ། །འཕངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞིར་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་བརྡུང་བར་བྱེད་པ་ཡང༌། །ཤིང་དེ་ཉིད་ལ་འབད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེ་ལེ་མགོ །ཆང་བཟུང་ཚད་ཀྱང་དེ་བཞིན་ཏེ། །ཞེས་གསུངས་པ་དང་། གཞག་པའི་གནས་གང་དུ་བྱ་བ་ནི། གའི་མདོ་ལས། གང་ཕྱིར་དེ་བརྡུངས་གཞན་དགོངས་པ། །འོག་ཏུའང་དེ་ཡི་ཁྲི་བྱ་བ། །གཙུག་ལག་ཁང་གི་སྒོ་སྟེང་ངམ། །ཡང་ན་དབུས་མའི་སྟེང་དུ་བྱ། །ཞེས་གསུངས་པ་ལྟར། རབ་གནས་ཇི་ལྟར་བྱ་བ་ནི། གའི་མདོ་ལས། དེ་ཡི་རབ་གནས་བྱ་བ་ནི། །ཤིན་ཏུ་བརྟན་པའི་ཆོས་ཀྱི་སྐུ། །སྐྱེད་པ་མ་ཡིན་འཇིག་བྱེད་མིན། །གདོད་ནས་མ་སྐྱེས་པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ནི་སྤྱན་དབྱེར་གྱུར་པ་ཡིན། །ཞེས་གསུངས་པ་ལྟར། ཆོས་ཀྱི་སྐུ་སྐྱེ་འགག་གནས་གསུམ་གྱིས་སྟོང་པ་གདོད་ནས་མ་སྐྱེས་ཤིང་དགེ་བའོ། །ཞེས་གའི་ཡུམ་ཆེན་མོ་ཤེར་ཕྱིན་གྱི་ངོ་བོར་མོས་པས་རབ་གནས་བྱ། མཚོ་སྣ་བས། གའི་ངོས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་བྲི་བར་བཤད་དོ། །གའི་ཁ་དོག་ནི། གའི་མདོ་ལས། མདོག་ནི་ཇི་འདྲ་བ་ལགས་ཞེས་ཞུས་འདུག་པས་ཁ་དོག་གི་ཁྱད་པར་ཞིག་ཀྱང་དགོས་པར་མངོན་ཞིང༌། མཁས་གྲུབ་ཆེན་པོ་རླན་གྱིས། དམར་བའི་ཚོན་གྱིས་འབར་ཞིང་ས་བཟང་སྐྱེས། །བརྡུངས་ན་དབྱངས་བཟང་བ་ནི་གའོ། །ཞེས་ཁ་དོག་དམར་པོར་བཤད་ཅིང༌། བརྡུང་བའི་གནས་གང་དུ་བྱ་བ་ནི། གཙུག་ལག་ཁང་གི་སྟེང་ངམ། ཀུན་གྱིས་ཐོས་པའི་གནས་མཐོ་བ་ཞིག་ནས་བརྡུང་བར་བྱའོ། །ཇི་ལྟར་བརྡུང་ཚུལ་ནི། གང་ཟག་གང་གིས་བརྡུང་བ་ནི། གའི་མདོ་ལས། དགེ་སློང་རྣམས་དང་དགེ་ཚུལ་གྱིས། །དུས་རྣམས་རྟག་ཏུ་བརྡུང་བ་སྟེ། །གསོ་སྦྱོང་ལ་ནི་གནས་པ་ཡི། །དགེ་བསྙེན་གྱིས་ཀྱང་བརྡུང་བར་བྱ། །ཞེས་གསུངས་པ་ལྟར། དགེ་སློང་རྣམ་པར་དག་པའམ། དགེ་ཚུལ་ཚུལ་ཁྲིམས་དག་པས་བརྡུང༌། དགེ་བསྙེན་གསོ་སྦྱོང་ལ་གནས་པས་ཀྱང་བརྡུང་རུང་བར་གསུངས། བསམ་པ་ཇི་ལྟ་བུས་བརྡུང་བ་ནི། གའི་ཡུམ་ཆེན་མོར་མོས་པ་དང༌། བརྡུང་བའི་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། བརྡུངས་པའི་སྒྲ་དེ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་འབྱུང་བར་མོས་པ་དང༌། རྒྱལ་བའི་བསྟན་པ་མི་ནུབ་ཅིང་འཕེལ་བ་དང༌། སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་བསྐྱེད་ནས་བརྡུང་བར་བྱའོ། །ཚུལ་ཇི་ལྟར་དུ་བརྡུང་བ་ནི། ག་སྟེགས་ཀྱི་ཁར་མདུན་དུ་བཞག་སྟེ། དང་པོར་དཀོན་མཆོག་གསུམ་ལ་ཕྱག་ལན་གསུམ་བྱ། དེ་ནས་ག་བླངས་ཏེ་ལག་པ་གཡས་པས་ག་གཡོག་གཟུང༌། གཡོན་པས་གའི་ཆང་བཟུང་ནས་བཟུང་སྟེ། དཔུང་པ་གཡོན་པའི་སྟེང་དུ་འཕྱར་ནས་ཐོག་མར་ཤངས་ཚ་ལན་གསུམ་བྱས། དེ་ནས་བརྡུང་ངོ༌། །བརྡུང་ཚུལ་ལ་མི་འདྲ་བའི་ཁྱད་པར་མང་དུ་གསུངས་ཏེ། ལུང་ལས། ག་ནི་ལྔ་སྟེ། དགེ་འདུན་བསྡུ་བའི་ག་དང༌། ལས་ཀྱི་ག་དང༌། ཤི་བའི་ག་དང༌། སྤོང་བའི་ག་དང༌། གནོད་པ་བྱུང་བའི་གའོ། །དེ་ལ་དགེ་འདུན་བསྡུ་བའི་ག་ནི་རྒྱུད་གསུམ་དང༌། ཏོག་གསུམ་པའོ། །ལས་ཀྱི་ག་ནི་རྒྱུད་གཅིག་དང༌། ཏོག་གསུམ་མོ། །ཤི་བའི་ག་ནི་བྱི་བོའོ། །སྤོང་བའི་ག་ནི་ཁར་སིལ་ལོ། །གནོད་པ་བྱུང་བའི་ག་ནི་ཇི་ཙམ་གྱིས་ཆོག་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ག་

|; |@@@ | | }}