56651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ཡི་ལྷ་མོ་མདངས་ལྡན་མ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བདེར་གཤེགས་རིགས་ལྔའི་ནང་གསེས་ལྷ་ཆེན་བྱེ་བྲག་དངོས་མེད་ཀྱི་ཕྱག་རྒྱའི་ཡུམ་ཡིན་ལ། གནས་ནི་དཀྱིལ་འཁོར་ནུབ་ཕྱོགས་ཆགས་མེད་གསས་མཁར་གྱི་བྱང་ཕྱོགས་སུ། གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་མཛེས་པ་འོད་ཀྱི་ན་བཟའ་ལ་རིན་ཆེན་སྤུངས་པའི་ཆུན་པོས་བརྒྱན་པ། དབུ་ལ་ཟངས་ཀྱི་ཟེ་པྲོག་ལ་རིན་ཆེན་འོད་དམར་གྱི་ཐོད་ལྡིང་བརྒྱན་པ། གཡས་པས་ཉི་མའི་འཁོར་ལོ། གཡོན་པས་ཟངས་ཕྲེང་ཐུགས་ཀར་འདྲེན་ཞིང་བསྣམས་སོ། །ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཞི་བའི་ཆ་བྱད་ཅན་གྱི་ལྷ་མོ་ཞིག་གོ ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ཁྲི་ལེ་འདུ་འདུ་ཛ། ཞེས་པའམ་བསྡུས་ན་ཛ་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ཁྲི་ལེ་ནི་ཤེས་རབ་ཏུ་མཚོན། ཛ་ནི་མེ་ཡི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །གནས་ཡུལ་ནི། ལུས་ཀྱི་མཆིན་པའི་རྩ་སྡོམ་དུ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཅིར་ཡང་སྤྲུལ་སྐུ་དང་གནམ་གསས་དབྱིངས་རུམ་གྱི་སྐུ་རུ་འཐོབ་ལ། མ་རྟོགས་ན་འདོད་ཆགས་ཀྱི་ས་བོན་གྱི་རྒྱུ་སྟེ་ཡི་དྭགས་ཀྱི་ཞིང་དུ་ཤར་བར་གསུངས་སོ། །
Domain ཆོས་ལུགས།