56952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ་ ༡༦༨༨ ལོར་པདྨོ་སྟེང་ཟེར་བའི་ཚོ་བའི་ནང་ཡབ་དགེ་འདུན་སྐྱབས་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱ་ཁྱུང་དང་བདེ་ཆེན་མཐོང་བའི་སར་རྩེད་མོ་རྩེ་སྐབས་བགྲོ་གླེང་གཏོང་བ་དང་། དགོན་པ་འདེབས་ཚུལ་མཛད་ཅིང་ཀོའུ་བ་ཆོས་རྒྱ་མཚོའི་སྐྱེས་རབ་དྲན་པ་སོགས་བྱིས་པའི་དུས་ནས་ངོ་མཚར་བའི་མཛད་པ་མང་། དགོང་ལོ་བདུན་ནས་ལ་མོ་བདེ་ཆེན་དུ་ཆོས་རྗེ་གྲགས་རྒན་ཚང་བློ་བཟང་བཀྲ་ཤིས་པའི་དྲུང་ནས་རབ་དུ་བྱུང་། དབྱངས་ཅན་མའི་ཞལ་གཟིགས་ཤིང་འགྲན་ཟླ་མེད་པའི་ཤེས་རབ་འཕེལ། དགོང་ལོ་བཅུ་བདུན་སྟེང་དབུས་སུ་ཕེབས་ནས་སྒོ་མང་གྲྭ་ཚང་དུ་ཞུགས། བསམ་བློ་མིའུ་ཐུང་རྩོད་པས་ཕམ། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཞུས། ཁྲི་དགེ་འདུན་ཕུན་ཚོགས་ལས་འགྲེལ་བ་བཞི་སྦྲགས་གསན། ཆོས་བར་ལ་སྐུ་མདུན་དུ་སོང་ནས་དོགས་པ་ཁ་ཤས་ཞུས་པ་ལ། ཁོང་ནས་ཁྱོད་མགོ་མ་ཚོས་གོང་ནས་ཀླད་པ་བརྙབ་ནས་ཅི་བྱེད་གསུངས་པར། ང་དབུས་ལ་མ་ཡོང་གོང་ནས་མགོ་ཚོས་ཚར་ཞུས། དོགས་ལན་གསུངས་པ་རྣམས་ངར་ངར་བྱས་ནས་བགྲོ་གླེང་ཕུལ། ཐལ་མོ་བརྡབས་པས། གསར་བ་ཁྱོད་རང་གི་ང་རྒྱལ་འདི་གཟུགས་སུ་གྲུབ་ན་ཁང་བ་འདིའི་ནང་ལ་མི་ཤོང་བ་འདུག སྒོ་མང་ལ་གསར་བ་ཞིག་ཡོད་འདུག་པ་ཁྱོད་ཨེ་ཡིན་གསུངས་པར། ཡིན་ཞུས་པས་ཊམ་ཀ་ཁ་ཤས་གནང་། ང་རྒྱལ་མ་བྱེད་གསུངས། ར་སྟོད་པའི་དགེ་བཤེས་མཁས་གྲགས་ཅན་ཞིག་དང་རྩོད་སྐབས་ང་སེངྒེའི་པགས་པ་ལ་རྔ་སྐད་མ་གྲགས་གོང་། ཁྱོད་ར་སྟོད་པའི་ར་ལྤགས་ལ་ཆག་སྐད་གྲགས་འདུག་ཅེས་རྩོད་པས་ཕམ་པར་མཛད། དགུང་ལོ་ཞེ་གསུམ་པ་ལྕགས་ཀྱི་ལ་དཔལ་འཁོར་ཆོས་སྡེའི་མཁན་པོར་བསྐོས་ཏེ་ལོ་བདུན་སོང་བའི་བགྲང་བྱ་ཞེ་དགུ་བ་མེ་འབྲུག་ལོར་རང་ཡུལ་དུ་ཕེབས། སྔར་པཎ་ཆེན་བློ་བཟང་ཡེ་ཤེས་དང་། ལྷ་ཚངས་པ་དུང་གི་ཐོར་ཅོག་ཅན་གྱིས་ལུང་བསྟན་བཞིན་དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་ངང་རོང་བཀྲ་ཤིས་ཆོས་འཕེལ་གླིང་ཕྱག་བཏབ། བུ་སློབ་མང་དུ་བྱུང་བ་ལས་གྲགས་ཆེ་བ་སུམ་པ་མཁན་ཆེན། སྡེ་བ་ངག་དབང་བསྟན་འཛིན། རྫིས་ཚང་སྨྱུང་གནས་པ་བློ་བཟང་བཀྲ་ཤིས་སོགས་བྱོན། རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༧༤༢ ལོར་དགུང་གྲངས་རེ་ལྔའི་སྟེང་དགོངས་པ་གཞན་དོན་དུ་གཤེགས། |