57534
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཙཱརྻ་པ་ནག་པོ་སྤྱོད་པ་མཆོག་ནི། ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་ཨོ་རུ་བི་ཤའི་ཡུལ་དུ་རྗེ་རིགས་སུ་འཁྲུངས། རྡོ་རྗེ་དྲིལ་བུ་པ་དང་མཇལ་ཞིང་། རྒྱུད་བྱིན་གྱིས་བརླབས། སློབ་དཔོན་ཛ་ལནྡྷ་རི་པ་ལ། བདེ་མཆོག་འཁོར་ལོའི་དབང་རྒྱུད་མན་ངག་གསན། སྒྲུབ་པ་མཛད་པས། ལྟ་སྟངས་བཞི་གྲུབ། ཨོ་རྒྱན་དུ་བྱིན་རླབས་ཞུ་བར་བརྫངས་པས། མཁའ་འགྲོ་མས། འདི་སློབ་དཔོན་དང་མ་མཇལ་བར་ཁ་མ་འབྱེད་ཅིག་གསུང་ནས་རྒྱན་གཏད་པས། ལམ་དུ་རྒྱན་ཁ་འབྱེད་འདོད་དེ། ཕྱེ་ནས་ལུས་ལ་བཏགས་པས་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འགྲོ་བ་དང་། མངོན་ཤེས་ཅི་རིག་པ་ཤར་བས། རྒྱན་སྦེད་པའི་རྒྱུ་མཚན་དེར་འདུག་སྙམ་སྟེ། སླར་སྦས་ཏེ་སློབ་དཔོན་ལ་ཕུལ། དེ་ནས་སྤྱོད་པ་ལ་འགྲོ་བར་བཞེད་དེ། སློབ་དཔོན་ལ་ཞུས་པས། སློབ་དཔོན་གྱིས། ཁྱོད་ཀྱིས་ཚར་གཅོད་རྗེས་འཛིན་མི་ནུས་པ་འདུག་པས། སྤྱོད་པ་ལ་མ་འགྲོ་གསུངས། འཁོར་ལ་བསྒྲགས་ཟིན་པས་བཤོལ་ན་ངོ་ཚ། བླ་མའི་རྒྱན་གནང་ན་འགྲོ་བར་ཞུས་པས། བླ་མས་ཅིས་ཀྱང་འགྲོ་ན་ཤར་དེ་ཝི་ཀོ་ཊར་མ་འགྲོ་ཞིག དེའི་རྣལ་འབྱོར་མ་རྣམས་མི་བསྲུན་པས་བར་དུ་གཅོད་པར་འགྱུར་རོ་གསུངས། ཞབས་ཁྲུ་གང་ཙམ་ས་ལ་མ་རེག་བཞིན་ཡུལ་ཆེན་བཅུ་གསུམ་བསྒྲལ་ནས་ཤར་ཕྱོགས་བྷངྒ་ལར་བྱོན་ཏེ། རྒྱལ་པོ་ཕྱི་རོལ་པ་ཡིན། བློན་པོ་ནང་པ་ཡིན་པས། བློན་པོས་བསྙེན་བཀུར་ཞུས། དེ་ལ་བདེ་མཆོག་གི་དབང་བསྐུར། སྒྲུབ་ཐོབ་བྱིན་པས། དེས་ལྐོག་ནས་བདེ་མཆོག་གི་རས་བྲིས་བཞེངས། བློན་པོ་གཞན་རྣམས་ཀྱིས་ཚོར་ནས། རྒྱལ་པོས་གདན་པའི་ལྷ་འབྲི་བ་འདི་སྲོག་ནོར་གཉིས་ལས་ཕྲལ་དགོས་ཟེར་བས། རྒྱལ་པོས་བློན་པོ་བཀུག་སྟེ། འདི་ཁྱོད་གཉིས་སུས་དྲན་པ་ཡིན་ན་དེ་གསོད་པ་ཡིན་བྱས་པ། བློན་པོ་ན་རེ། ངེད་གཉིས་ཀ་མིན། ནང་པའི་རྒྱུད་ནས་བཤད་པ་ཡིན་བྱས། དེ་བདེན་ན་འདིས་གདན་བྱས་པའི་འཇིགས་བྱེད་དེ་དང་དུས་མཚན་བྲིས་ལ། ཁྱོད་ཀྱིས་འདི་གཉིས་གདན་དུ་བྱས་ནས་ཞག་བདུན་དུ་མཆོད་པ་བྱས་ལ་ཞལ་ཕྱེ་ནས་ཇི་ལྟར་འདུག་པའི་ནུས་པ་འགྲན་ནོ་ཟེར། དེ་བཞིན་དུ་བྱས་ཏེ་བལྟས་པས། བཅོམ་ལྡན་འདས་ནི་འོད་དང་ལྡན་ལ། བྲིས་སྐུ་གཞན་གོ་བཟློགས་ནས་འཇིགས་བྱེད་དུས་མཚན་མནན་པའི་ཧེ་རུ་ཀར་གྱུར་པས། རྒྱལ་པོ་འཁོར་བཅས་ཤིན་ཏུ་དད་པར་གྱུར་ཏེ། ཕོ་བྲང་དུ་སྤྱན་དྲངས། དེར་བློན་པོའི་ངོར་ནག་པོོ་པའི་གཞུང་དྲུག་ཏུ་གྲགས་པ་མཛད། རྒྱལ་པོ་ལའང་བདེ་མཆོག་གི་དབང་རྒྱུད་མན་ངག་ཐམས་ཅད་བྱིན་ནས་ཡུལ་དེ་ནང་པར་བསྒྱུར། དེ་ཝི་ཀོ་ཊར་བྱོན་པས་མཁའ་འགྲོ་མས་འཁུ་ལྡོག་གིས་ཞལ་ནས་ཁྲག་འཛག སློབ་དཔོན་གྱིས་བཀའ་བཅག་པས་མཁའ་འགྲོ་མའི་བར་ཆད་བྱུང་བས་ལུས་འདི་བོར་ཏེ་བར་དོར་སངས་རྒྱས་འཐོབ་པར་བྱའོ་ཞེས་གསུངས་ནས་མྱ་ངན་ལས་འདས་སོ། །ནག་པོ་སྤྱོད་པ་རང་གི་སློབ་མ་རྣམ་རྒྱལ་ཞབས། དེ་དཱརི་ཀ་པ། དེས་གུ་ཧྱ་པ་ལ། དེས་ཏིལླི་པ་ལ། དེས་ནག་པོ་སྤྱོད་པས་འཁོར་ལོ་བདེ་མཆོག་ལུགས་གསུམ་གྱི་གདམས་ངག་ཐམས་ཅད་གསན་པས། དེ་ལ་མ་རྒྱུད་ཀྱི་བཀའ་བབ་པར་གྲགས་སོ། ། |