From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚ་ཚ་ (1)
| Part of speech
|
མིང་ཚིག
|
| Definition
|
དེ་ཡང་ཚ་ཚ་ཞེས་པའི་མིང་འདི་ལེགས་སྦྱར་གྱི་སཱ་ཙྪ་ཞེས་པ་ཟུར་ཆག་པའི་བོད་སྐད་ཅིག་སྟེ། བརྐོས་ཕོར་ནང་ས་གཙང་མ་བླུགས་ཏེ་དཔར་བའི་ལྷ་དང་མཆོད་རྟེན་སོགས་ཀྱི་སྐུ་བརྙན་ལ་ཟེར། ཆོས་ལུགས་དང་འབྲེལ་བའི་རྟེན་འདི་ཉིད་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ནས་དར་ཞིང་། དེ་རྗེས་བལ་ཡུལ་དང་། བོད་ཡུལ་སོགས་སུ་རིམ་པར་དར་ཡོད། བོད་དུ་དར་ཚུལ་ནི་དེ་ཡང་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བོད་ལ་སངས་རྒྱས་ཀྱི་ཆོས་དར་བའི་རྟེན་འབྲེལ་དུ་སྤང་སྐོང་ཕྱག་བརྒྱ་བ་དང་། གསེར་གྱི་མཆོད་རྟེན། ཙིནྟ་མ་ཎིའི་སྐོར་ཕོར་སོགས་འབྱོར་ཚུལ་གསལ་པས་ན། དུས་རབས་ལྔ་པའི་ནང་ནས་བོད་དུ་མཆོད་རྟེན་དང་ཚ་ཚའི་སྐོར་ཕོར་སོགས་ཡོད་པ་གསལ་ཡང་། དངོས་སུ་ཚ་ཚ་འདེབས་པའི་ལུགས་སྲོལ་ནི་དུས་རབས་བཅུ་པའི་ནང་བོད་དུ་ཕེབས་པའི་རྒྱ་གར་གྱི་པཎྜི་ཏ་སྨྲྀ་ཏི་ཛྙ་ན་ཀིརྟིས་ཚ་ཚ་མང་པོ་བཏབ་ནས་རི་ངོགས་ཤིག་ཏུ་བླུགས་པའི་ལོ་རྒྱུས་འབྱུང་བ་དེ་ཐོག་མ་མིན་ནམ་སྙམ། དེའི་རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་རྗེས་ཁོང་གིས་ཀྱང་ཚ་ཚ་འདེབས་པའི་ལས་ལ་ཐུགས་སྣང་གནང་ཞིང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག་ཞེས་པ་ཞིག་ཀྱང་མཛད། དེ་བཞིིན་དུ་བསྟན་འགྱུར་ནང་དུ་གྲུབ་པ་བརྙེས་པའི་པཎྚི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པའི་ཚ་ཚ་འདེབས་པའི་ཆོ་ག་ཞིག་ཀྱང་བཞུགས། དེ་ཡང་ཚ་ཚ་ལ་མཆོད་རྟེན་གྱི་གཟུགས་སུ་ཡོད་པ་ཞིག་དང་། སྐུ་བརྙན་གྱི་རྣམ་པ་ཅན་གཅིག་ཏེ་རྩ་བའི་རིགས་གཉིས་ཡོད། ཚ་ཚ་འདེབས་པའི་ཕན་ཡོན་ནི། སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པར་བྱས་ནས་དད་པ་བསྐྱེད་པ་དང་། སྙིང་རྗེ་བསྒོམ་པ། བདག་མེད་པའི་ལྟ་བ་ལ་མཉམ་པར་འཇོག་པ་སོགས་རང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པའི་ཆེད་དུ་རེད། དེ་ཡང་བོད་མིའི་ངག་རྒྱུན་དུའང་། ཚ་ཚ་གཅིག་གིས་མི་གསུམ་འཚང་རྒྱ་ཞེས་ཟེར་སྲོལ་ཡོད། དེས་ན་ཚ་ཚ་གསར་དུ་བཞེངས་པ་དང་། དེ་ཡི་ཡོན་ཕུལ་བ། ན་བཟའ་འབུལ་བ། མཆོད་པ་ཕུལ་བ། བསྐོར་བ་བྱེད་པ་སོགས་བྱས་ན་འཚང་རྒྱ་བ་ལྟ་ཅི་སྨོས། གཞན་ཡང་ཚ་ཚ་དང་མཆོད་རྟེན་སོགས་མཐོང་བ་ཙམ་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པ་ངག་གིས་སྐྱོར་ནས་ལག་པ་ཡ་གཅིག་གིས་ཕྱག་བྱས་པ་དང་། ཡང་ན་མགོ་བོ་གུག་ཙམ་གྱིས་བསོད་ནམས་བླ་མེད་འཕེལ་ནས་བྱང་ཆུབ་ཐོབ་པར་གསུངས་ཏེ། མདོ་སྡེ་པད་མ་དཀར་པོ་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་འདུད་པ་དང་། །གང་གིས་ལན་གཅིག་ལུས་ཀྱང་འདུད་པ་དང་། །གང་གི་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་པ་ལྟར་རོ། །
|
| Foreign
|
ཟུར་ཆག
|
| Domain
|
ཆོས་ལུགས།
|
ཚ་ཚ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆུ་འཁོར་ལྕགས་སྟེགས་འོག་གི་རྡོ་ཞིག
|
| Type
|
ཡུལ་སྐད།
|
ཚ་ཚ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁ་ཟས་སམ་ལྟོ་ཆས་དྲོན་མོའི་མིང་།
|
| Type
|
བརྡ་རྙིང་།
|