57930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚ་རྡོར་བློ་བཟང་མཁས་མཆོག་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ཕྱི་ལོ་ ༡༧༣༦ ལོར་འཕན་ཡུལ་དུ་ཡབ་བསམ་གྲུབ་ཚེ་རིང་དང་། ཡུམ་ཨ་སོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་སེར་སྨད་ཚ་རྡོར་ཁང་ཚན་དུ་ཞུགས་པས་ཚ་རྡོར་བློ་བཟང་མཁས་མཆོག་ཏུ་གྲགས། ཚ་རྡོར་ངག་དབང་ཚུལ་ཁྲིམས་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས། རྒྱན་འཇུག་སོགས་གཞུང་ཆེན་རྩ་བ་རྣམས་ལ་སྦྱངས། སློབ་དཔོན་ངག་དབང་རབ་བརྟན་དང་། གྲགས་པ་འཕྲིན་ལས། སྲད་རྒྱུད་མཁན་ཆེན་བློ་བཟང་རིན་ཆེན། སྦྱིན་པ་ཆོས་བཟང་སོགས་ལས་བསྡུས་གཞུང་སོགས་བཀའ་པོད་ལྔ་མཁས་པར་བསླབས། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། སློབ་དཔོན་ངག་དབང་བྱམས་པ་དང་། རྒྱལ་མཁན་ཆེན་སྐལ་བཟང་རབ་རྒྱས། སྐྱབས་མགོན་རྒྱལ་བའི་སྲས་པོ། རྗེ་སྒྲུབ་ཁང་འཇམ་དཔལ་དགེ་ལེགས་རྒྱ་མཚོ། ལྕགས་ར་མཆོག་སྤྲུལ་རྣམས་ལས་དབང་ལུང་ཁྲིད་གསུམ་མཐའ་ཀླས་པ་གསན། སྟོད་རྒྱུ་གྲྭ་ཚང་དུ་་ཤར་ཆེན་བློ་བཟང་རྟེན་འབྲེལ་སོགས་ལས་རྒྱུད་བཞིའི་ཆོ་ག་ཕྱག་ལེན་དང་བཅས་མཁས་པར་སྦྱངས། བླ་མ་དབུ་མཛད་དང་། རྒྱུད་པའི་མཁན་ཁྲི། ཤར་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་བསྐྱངས། ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར་དགའ་ལྡན་གསེར་ཁྲིར་བཞུགས། ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔར་སྐུ་གཤེགས། སྐུ་གདུང་བྱང་ཆུབ་མཆོད་རྟེན་བཞེངས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རེ་གསུམ་པ་ཡིན། མཚན་གཞན། ཤར་རྩེ་བློ་བཟང་མཁས་མཆོག