57963
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༨༠ ལོར་གཞི་རྩེ་བདེ་ལེགས་རབ་བརྟན་གྱི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་ལྔ་པར་སེ་རར་ཆོས་ཞུགས་གནང་། བཀའ་པོད་ལྔ་ལ་མཁས་པར་སྦྱངས། ཉེར་གཅིག་པར་ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་སྨད་དུ་སྡེ་བཞི་ཐུགས་བརྩོན་མཛད། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་ལྷན་རྒྱ་ནག་ཏུ་བྱོན། རྒྱལ་བའི་བཀའ་ལྟར་རབ་བྱུང་བཅོ་ལྔ་འི་ལྕགས་ཕག་ཕྱི་ལོ་ ༡༩༡༡ ལོར་ཉི་ཧོང་རྒྱལ་ཁབ་ཏུ་ཕེབས། ཨོ་ཏོ་ནི་ཧོང་ཀན་ཇིའི་དགོན་པར་ལོ་གཅིག་ཙམ་བཞུགས། ཆོས་ཀྱི་འཁོར་ལོ་བསྐོར། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ཕྱི་ལོ་ ༡༩༢༡ ལོར་དགེ་བཤེས་ཤེས་རབ་རྒྱ་མཚོ་ལྷན་བཀའ་འགྱུར་ཞུ་དག་གནང་། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ཕྱི་ལོ་ ༡༩༣༤ ལོར་བོད་ཡིག་སློབ་གྲྭའི་དགེ་རྒན་མཛད། རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་བོོད་ལྗོངས་རྩོམ་ཞིབ་རྒྱུན་ལས་ལྷན་ཁང་གཙོ་འགན་པ་དང་། ཕྱི་ལོ་ ༡༩༥༦ ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དང་། ལྷ་ས་སློབ་ཆུང་གི་སློབ་སྤྱི་གཞོན་པ་སོགས་ཀྱི་ཐུགས་འགན་ཁུར། དོན་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་མེ་བྱ་ཕྱི་ལོ་ ༡༩༥༧ ལོར་ལྷ་སར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་དུང་དཀར་བློ་བཟང་འཕྲིན་ལས་དང་། ཚ་བ་ཡེ་ཤེས་འཕྲིན་ལས། རྒྱལ་རོང་ཡོན་ཏན་རྒྱ་མཚོ། རྒྱལ་རོང་བྱམས་པ་བརྩོན་འགྲུས། ཟུར་ཁང་དབང་ཆེན་དགེ་ལེགས། ཧོར་ཁང་བསོད་ནམས་དཔལ་འབར། བྱང་ངོས་པ་རྡོ་རྗེ་དངོས་གྲུབ་བཅས་མང་དུ་བྱོན། གསུང་རྩོམ་ནི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བ་དང་། སུམ་ཅུ་པའི་རྩ་བའི་འགྲེལ་བ། སུམ་ཅུ་པའི་རྩ་འགྲེལ་གྱི་དཔེར་བརྗོད། སྙན་ངག་མེ་ལོང་གི་ལེའུ་དང་པོ་དང་ལེའུ་གཉིས་པའི་འགྲེལ་བ་དང་དཔེར་བརྗོད། སྙན་ཚིག་གསར་རྩོམ་གཡུ་ཡི་སྐེ་རགས་གསེར་གྱི་ཟམ་པ་སོགས་བཞུགས། |