58017

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚང་གསར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་གི་བླ་རབས་ (1)
Part of speech མིང་ཚིག
Definition བླ་རབས་ཐོག་མ་ནི་ཚང་གསར་བསོད་ནམས་ཡེ་ཤེས་ཚང་གསར་ཀརྨ་ངག་དབང་དར་རྒྱས་ཀྱི་སྲས་སུ་ཕྱི་ལོ་ ༡༧༠༢ སྐུ་བལྟམས། ཀརྨ་པ་བྱང་ཆུབ་རྡོ་རྗེས་རྗེས་སུ་བཟུང། ཁུ་བོ་བླ་མ་རིན་ཆེན་ལྷུན་གྲུབ་ནས་འབའ་རོམ་ཆོས་བསྐོར་གསན་སྦྱངས་མཛད། ཞྭ་དམར་བདུན་པའི་སྐུ་རྐྱེན་བསལ། དགུང་གྲངས་བདུན་བཅུ་དོན་གསུམ་ཕྱི་ལོ་ ༡༧༧༤ ལ་གཤེགས། སློབ་མའི་གཙོ་བོ་ཚང་གསར་ཆོས་འཁོར་བླ་མཆན་ཉིད་དུ་བཞུགས། སྐུ་ཕྲེང་གཉིས་པ་གདུང་རུས་སེར་རྩ་ཤིང་ལུག་ཕྱི་ལོ་ ༡༧༧༥ ལ་སྐུ་འཁྲུངས། མཚན་ཀརྨ་ཚུལ་ཁྲིམས་མཐར་ཕྱིན་གསོལ། ཀརྨ་པ་བདུད་འདུལ་རྡོ་རྗེ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་རྗེས་སུ་བཟུང། རྒྱལ་བའི་བཀའ་བསྟན་སོགས་སྡེ་དགེ་ནས་སྤྱན་དྲངས་ཏེ་དགོན་དུ་བཞུགས། དགུང་གྲངས་རེ་བཞི་ཐོག་ཕྱི་ལོ་ ༡༨༣༨ གཤེགས། སློབ་མའི་གཙོ་བོ་ཚང་གསར་ཚོགས་གཉིས་རྒྱ་མཚོའི་སྐྱེ་སྲིད་དུ་གྲགས་པ་དབོན་གཅོད་བླ་བདུད་འདུལ་སོགས་བྱུང། སྐུ་ཕྲེང་གསུམ་པ་ཚང་གསར་དབོན་བསོད་ནམས་རྒྱལ་གྱི་སྲས་སུ་ཕྱི་ལོ་ ༡༨༣༩ སྐུ་འཁྲུངས། མཚན་ཀརྨ་ཡེ་ཤེས་འམ་ཀརྨ་སྦྱིན་པར་གསོལ། ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་པདྨ་ཉིན་བྱེད་སོགས་དམ་པ་དུ་མས་རྗེས་སུ་བཟུང། དགུང་གྲངས་ཞེ་བཞི་ཕྱི་ལོ་ ༡༨༨༢ ལ་སྐུ་གཤེགས། འདི་པའི་སློབ་མའི་གཙོ་བོ་ཆོས་འཁོར་སྤྲུལ་སྐུའི་ཡང་སྲིད་སྐྱ་ཤོག་བླ་མ་བསྟན་འཛིན་དཔལ་བཟང་དང། གཅོད་བླའི་རྣམ་སྤྲུལ་སེར་རྩ་བསོད་ནམས་རྒྱལ་མཚན་རྣམས་བྱོན། བླ་མཆན་ཆོས་འཁོར་སྐུ་སྐྱེ་བསྟན་དཔལ་མེ་ཕག་ཕྱི་ལོོོ་ ༡༨༢༧ ལ་འཁྲུངས། བླ་མ་བསོད་ནམས་རྒྱལ་མཚན་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལ་འཁྲུངས། འདི་གཉིས་ཀརྨ་པ་ཐེག་མཆོག་རྡོ་རྗེ་སི་ཏུ་ཆོས་མཆོག་པདྨ་ཀུན་བཟང་བསོད་ཡེས་སྐུ་ཕྲེང་གསུམ་པ་སོགས་ཀྱིས་རྗེས་སུ་བཟུང། བསྟན་དཔལ་དགུང་གྲངས་བདུན་བཅུ་དོན་གཅིག་ཕྱི་ལོ་ ༡༨༩༧ ལ་གཤེགས། བསྟན་དཔལ་སྤྲུལ་སྐུ་བཀའ་བརྒྱུད་བསྟན་དར་ཆུ་སྦྲུལ་ལ་བུ་མང་དུ་སྐུ་འཁྲུངས། ཡོང་དགེ་གཏེར་སྤྲུལ། མཁན་པོ་རིན་ཆེན་དར་རྒྱས་བཅས་ཀྱིས་རྗེས་སུ་བཟུང། དགུང་གྲངས་ཉེར་གཅིག་ཆུ་གླང་ལ་འདས། བསོད་ཡེས་སྐུ་ཕྲེང་བཞི་པ་ལྕི་ཉིན་ཚང་གསར་དཔོན་ཆོས་དགའི་སྲས་སུ་ཕྱི་ལོ་ ༡༨༨༣ འཁྲུངས། མཚན་འཆི་མེད་རྡོ་རྗེ་འམ་ཀརྨ་བསོད་ནམས་ཆོས་འཕེལ་དུ་གསོལ། མཆོག་གླིང་གཉིས་པ། གཏེར་སྲས་ཚེ་དབང་ནོར་བུ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་རྣམས་ཀྱིས་རྗེས་སུ་བཟུང། འབྲུག་ཐམས་ཅད་མཁྱེན་པའི་དབུ་བླ་མཛད། རྒྱལ་བའི་བཀའ་དང་གཏེར་མཛོད་སོགས་ཀྱི་བཀླག་ལུང་འཆད་སྤེལ་མཛད། དགུང་གྲངས་དྲུག་བཅུ་རེ་བཞི་ཕྱི་ལོ་ ༡༩༤༦ ལ་གཤེགས། བསོད་ཡེས་སྐུ་འཕྲེང་ལྔ་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་ཕྱི་ལོ་ ༡༩༤༨ ལ་སྐུ་འཁྲུངས་པ་ཁྲི་ཁར་མ་ཞོག་པར་ལུས། བླ་མཆན་ཆོས་འཁོར་སྐུ་སྐྱེ་བཞི་པ་བློ་གྲོས་རིན་ཆེན་ཚང་གསར་བསྟན་འཛིན་རྣམ་རྒྱལ་གྱི་སྲས་སུ་ཕྱི་ལོ་ ༡༩༡༥ འཁྲུངས། རྒྱལ་བསྟན་སྤྱི་དང་བྱེ་བྲག་འབའ་རོམ་བཀའ་བརྒྱུད་ལ་བཀའ་དྲིན་ཆེ། དགུང་གྲངས་དོན་དྲུག་ཕྱི་ལོ ༡༩༩༠ ལ་གཤེགས། བླ་མཆན་ཆོས་འཁོར་སྐུ་སྐྱེ་ལྔ་པ་དཔལ་ལྡན་ལུང་རྟོགས་ཀུན་དགའ་ཉི་མ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ཕྱི་ལོ་ ༡༩༩༣ ལ་འཁྲུངས། བསླབ་གསུམ་རྒྱན་གྱིས་སྤྲས་ཤིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མཛད་བཞིན་དགུང་གྲངས་ཉེར་གཅིག་ཏུ་འཚོ་ཞིང་བཞེས་པ་འདི་ཡིན། གཅོད་བླའི་སྐུ་ཕྲེང་གསུམ་པ་ཚང་གསར་འཆི་མེད་རྡོ་རྗེའི་སྲས་སུ་ཕྱི་ལོ་ ༡༩༢༢ འཁྲུངས། མཚན་བསྟན་འཛིན་རྡོ་རྗེར་གསོལ། དགུང་གྲངས་སོ་བདུན་ཕྱི་ལོ་ ༡༩༥༨ ལ་གཤེགས།

{{#arraymap:ཚང་གསར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་གི་བླ་རབས་

|; |@@@ | | }}