58458
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པར། གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་གསོལ་འདེབས་ཚིག་རྐང་བདུན་མའི་བྱུང་རབས་ལོ་རྒྱུས་དང་དེའི་ཚིག་དོན་རྣམས་གསལ་ཞིང་གོ་བདེར་འགྲེལ་བའི་གཞུང་ཞིག་སྟེ། འགྲེལ་པ་འདི་ཐོག་མ་ཀུན་མཁྱེན་མི་ཕམ་རྒྱ་མཚོ་དགུང་ལོ་ཉེར་ལྔ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོའི་བོད་ཟླ་དྲུག་པའི་ནང་རྫ་ཡི་རྒྱལ་པོ་ཞེས་པའི་ཡུལ་དེའི་ཉེ་འདབས་སུ་རྐྱེན་ཞིག་གིས་བསྐུལ་ཏེ་ཟླ་དེའི་ཚེས་བཅོ་ལྔ་ལ་རྫོགས་པར་བྲིས་ཤིང་། རྗེས་སུ་ཁོང་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ཀྱིས་དེ་ཉིད་ཤིན་ཏུ་ལེགས་པོ་འདུག་ཅེས་བསྟོད་བསྔགས་ཀྱང་མཛད། དེ་ནས་ཁོང་གི་ཉེ་གནས་ཤེས་རབ་འོད་གསལ་གྱིས་ཚིག་བདུན་གསོལ་འདེབས་འབུམ་ཕྲག་བཅུ་གསུམ་ཙམ་བསགས་ནས་གསོལ་བ་བཏབ་ཅིང་སླར་ཡང་འདོན་པར་དམ་བཅས་ཐོག་ཚིག་བདུན་རྣམ་བཤད་ཀྱི་དཔེ་འདི་གཞི་བཟུང་ནས་བསྐྱར་དུ་ཞིབ་བཅོས་གྲུབ་པ་དང༌། ཕྱི་ནང་གསང་བའི་ཁྱད་པར་གྱི་གནད་ཚང་བ་དགོས་ཞེས། རྟེན་དང་བཅས་པས་ཡང་ཡ་ནན་གྱིས་བསྐུལ་བ་ལ་བརྟེན་ནས། བསྐུལ་པ་པོ་སོགས་གུ་རུའི་རྗེས་སུ་མོས་པ་རྣམས་དང་དུས་མཐའི་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་བསམ་པས་བརྩོན་པ་བསྐྱེད་དེ། སྔར་གྱི་ཐོག་མའི་རྩོམ་གཞི་ལས་ཚིག་མི་བདེ་བ་རྣམས་དོན་བསྡུས། སྔ་ན་མེད་པའི་ཁྱད་པར་དུ་མ་བསྣན་ཏེ་སྔར་བས་ཆེས་ལྷག་པ་བྱས་ཏེ། ལྕགས་གླང་ཕྱི་ལོ་ ༡༩༠༡ ལོའི་བོད་ཟླ་དྲུག་པའི་ནང་ཆོས་སྡེ་ཆེན་པོ་རྫོགས་ཆེན་ཤྲཱི་སེང་ཧར་གྲགས་པའི་གཟིམ་ཆུང་དུ་ལེགས་པར་གཏན་ལ་ཕབ་པ་ཞིག |