5877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་གནས་དྲུག་གིས་བསྡུས་པ་དྲུག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ སྐལ་བ་དང་ལྡན་པ་ནི། རིགས་ལ་གནས་ཡིན་པ་ལ། ད་དུང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོར་དད་པ་དང༌། ལྟ་བ་སྦྱོང་བར་བྱེད་པའི་བར་དག་མ་ཐོབ་པ་གང་ཡིན་པའོ། ། ༢ དགེ་བའི་རྩ་བ་ཆུང་ངུ་ལྡན་པ་ནི། རིགས་ལ་གནས་པ་དེས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དང་པོར་དད་པ་དང༌། ལྟ་བ་སྦྱོང་བའི་བར་དག་ཐོབ་པར་གྱུར་པ་གང་ཡིན་པའོ། ། ༣ དགེ་བའི་རྩ་བ་འབྲིང་དང་ལྡན་པ་ནི། གང་ཟག་རིགས་ལ་གནས་པས་དེས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ། དང་པོར་དད་པ་ཐོབ་ཅིང་ལྟ་བ་སྦྱངས་པའི་བར་དུ་ཡང་བྱས་ལ། དེའི་འོག་ཏུ་སྐྱེས་པ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་དག་མངོན་པར་སྒྲུབ་པར་བྱེད་ཅིང༌། ཁྱད་པར་དུ་འགྲོ་བར་ཡང་བྱེད་ལ། གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ནི་མ་ཐོབ་པ་གང་ཡིན་པའོ། ། ༤ དགེ་བའི་རྩ་བ་ཆེན་པོ་དང་ལྡན་པ་ནི། གང་ཟག་ཁྱད་པར་དུ་འགྲོ་བ་དེ་ཉིད་ཀྱིས། གང་གི་ཚེ་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་པར་གྱུར་པ་གང་ཡིན་པའོ། ། ༥ མཐར་ཐུག་པའི་སྦྱོར་བ་ལ་གནས་པ་ནི། གང་ཟག་གང་ལ་གནས་ན་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འགྱུར་བའི་ཐ་མའི་ལུས་ཕྱི་མ་ཐོབ་ཅིང༌། ཟག་པ་ཟད་པར་བྱ་བའི་ཕྱིར། ཡང་དག་པའི་གདམས་ངག་དང་རྗེས་སུ་བསྟན་པའི་དམ་པའི་ཆོས་མཉམ་པ་ཡང་ཐོབ་ནས། ཡང་དག་པ་ཉིད་དུ་བརྩོན་པར་བྱེད་ལ། ད་དུང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ནི་མ་ཐོབ་ཅིང༌། མཐར་ཐུག་པར་ཡང་མི་འགྲོ་བ་གང་ཡིན་པའོ། ། ༦ མཐར་ཐུག་པར་གྱུར་པ་ནི། འདི་ལྟ་སྟེ། ཟག་པ་ཟད་པར་བྱ་བའི་ཕྱིར། ཇི་ལྟ་ཇི་ལྟར་ཡང་དག་པར་གདམས་ཤིང་རྗེས་སུ་བསྟན་པ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་ཅིང༌། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟག་པ་ཟད་པ་ཡང་ཐོབ་ལ། བྱ་བ་བྱས་ཤིང་མཆོག་ཏུ་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་གང་ཡིན་པའོ། །
Domain ཆོས་ལུགས།