58828

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཇི་ལྟར་དུ་ཉམས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལུང་ཞུ་བ་ལས། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པའི་སྐབས་ནས་བསྟན་པའི་ཉམས་པ་དེའི་ཉམས་ཚུལ་ཇི་ལྟ་བུ་རེད་ཅེ་ན། དེ་ལ་མདོ་སྡེ་པས་འདོད་ཚུལ། སྔ་རབས་པས་འདོད་ཚུལ། བྱེ་བྲག་སྨྲ་བ་རང་ལུགས་ཀྱི་འདོད་ཚུལ་བཅས་སོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཚུལ་ཇི་ལྟར་དུ་ཉམས་པ་ལ། མདོ་སྡེ་པ་ན་རེ། འཆབ་སེམས་ཕམ་པའི་ཡན་ལག་ཏུ་ངེས་པར་དགོས་པ་དང་། ཕམ་པ་བྱུང་ན་སྡོམ་པ་ཀུན་གཏོང་བ་དང་། སྡོམ་པ་སླར་བླངས་ཀྱང་མི་སྐྱེ་བ་དང་། ལྟུང་བ་ཕྱིར་བཅོས་ཀྱང་མི་འདག་པའི་ཚུལ་གྱིས་ཉམས་པ་ཡིན་ཏེ། དགེ་སློང་དགའ་བྱེད་ལ་འཆབ་སེམས་མ་སྐྱེད་པས་ཕམ་པ་མ་བྱུང་བར་འཇོག་པའི་ཕྱིར་དང་། ལུང་གཞི་ལས། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་། འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་། འཕེལ་ཞིང་རྒྱས་པ་དང་། ཡངས་པར་མི་འགྱུར་ཞེས་སོགས་གསུངས་པ་ཡིན་པའི་ཕྱིར། ཞེས་གསུངས། ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཡང་སྔ་རབས་པ་རྣམས་ན་རེ། འཆབ་སེམས་ཕམ་པའི་ཡན་ལག་ཏུ་མི་དགོས་པ་དང་། འཆབ་སེམས་མ་སྐྱེས་ན་ཕམ་པས་སྡོམ་པ་གཏོང་ཡང་སླར་བླངས་པས་སྐྱེ་ཞིང་ལྟུང་བ་ཕྱིར་བཅོས་བྱས་པས་འདག་པ་དང་། འཆབ་སེམས་དང་བཅས་པའི་ཕམ་པ་བྱུང་ན་སྡོམ་པ་ཕྱིས་བླངས་ཀྱང་མི་སྐྱེ་བ་དང་། ལྟུང་བ་ཕྱིར་བཅོས་བྱས་ཀྱང་མི་འདག་པའི་ཚུལ་གྱིས་ཉམས་པ་ཡིན་ནོ། །དེ་ཡང་ཕམ་པས་སྡོམ་པ་གཏོང་སྟེ། མི་གཏོང་ན་བསླབ་བྱིན་དགེ་སློང་གི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཡོད་དགོས་པ་ལ་དེ་མེད་པའི་ཕྱིར་ཏེ། ལུང་ཞུ་བ་ལས། བསླབ་བྱིན་དགེ་སློང་བསྙེན་པར་རྫོགས་པ་མ་ཡིན་པར་བཤད། ལུང་ཕྲན་ཚེགས་ལས། དེ་བསྙེན་པར་རྫོགས་པ་དང་འདྲ་བར་བཤད་པའི་ཕྱིར། ཞེས་གསུངས། ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བྱེ༌བྲག་སྨྲ་བ་རང་ལུགས་ནི། འཆབ་སེམས་ཕམ་པའི་ཡན་ལག་ཏུ་མི་དགོས། ཕམ་པས་སྡོམ་པ་མི་གཏོང་། ཕམ་པ་འཆབ་བཅས་བྱུང་ན་ཕྱིས་སྡོམ་པ་བླངས་པས་མི་སྐྱེ། ཚེ་དེ་ལ་སྡིག་ལྟུང་བཤགས་པས་མི་འདག ། འཆབ་མེད་བྱུང་ན་སྡོམ་པ་བླངས་པས་སྐྱེ་ཞིང་སྡིག་ལྟུང་བཤགས་པས་འདག་པར་འཆད་པ་ཡིན་ནོ། །ལུང་རིགས་ཀྱི་སྒྲུབ་བྱེད་ནི་མདོ་སྡེ་པ་དང་སྔ་རབས་པ་བཀག་པའི་སྐབས་སུ་བཤད་པ་ལྟར་རོ། །ལྔ་པ་ཅིར་འགྱུར་ཡོད་དེ། ཕམ་པ་འཆབ་བཅས་ཀྱིས་ཉམས་པའི་གང་ཟག་གི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཡོད་ཀྱང་དགོས་པ་སྒྲུབ་ནུས་ཀྱི་དགེ་སློང་གི་སྡོམ་པ་མེད་པས་ལྟུང་བ་ལ་སྦྱར་ན་ཉེས་བྱས་ཙམ་ཞིག་ལས་མི་བསྐྱེད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།