59128
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་འབྲུག་ ༡༨༩༢ ལོར་སྐུ་འཁྲུངས། འཁྲུལ་ཞིག་སྐྱབས་གནས་ལ་གཙུག་ཕུད་ཕུལ། མཚན་ངག་དབང་རྣམ་རོལ་གསོལ། སྐུ་ན་ཆུང་དུས་ནས་འཁོར་བ་ལ་ཞེན་ལོག་དང་། ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། བྱམས་མེ་ཆོས་དཔལ་རྒྱ་མཚོའི་མདུན་ནས་རབ་དུ་བྱུང་བ་དང་། འབྲུག་པའི་ཆོས་སྐོར། རྒྱ་ཅན་ལྔའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་མཐར་ཐུག་ངོ་སྤྲོད་དང་བཅས་པ་གསན། ཉམས་བཞེས་ཀྱང་མཛད། མཆོག་གླིང་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཐེག་མཆོག་བསྟན་འཕེལ་གཙུག་ཏུ་བསྟེན། རྙིང་མའི་ཆོས་སྐོར་ཡོངས་རྫོགས་དང་། རྫོགས་ཆེན་ལྟ་བའི་ངོ་སྤྲོད་རྣམས་གསན། བླ་མའི་མདུན་ནས་སྒོ་ཡི་ཐེམ་པ་མི་བརྒལ་བའི་ཁས་ལེན་དང་། སྐུ་ཚེ་ཧྲིལ་པོར་ཉམས་ལེན་དང་བསྙེན་སྒྲུབ་འབའ་ཞིག་མཛད་པར་དམ་བཅའ་གནང་བ་ལྟར་ཚེ་དང་སྒྲུབ་པ་མཉམ་པར་གྱུར། གསུང་འབུམ་ཡང་ཉམས་མགུར་གཙོས་པོད་གསུམ་ཙམ་བཞུགས། གྲུབ་ཆེན་ངག་དབང་རྣམ་རོལ་ཞེས་སྙན་གྲགས་ཤིན་ཏུ་རྒྱས། འཁོར་དང་སློབ་མ་རྣམས་ལ་ཡང་། ཁོང་གི་མདུན་ནས་ཆོས་ཐུན་རེ་གསན་པ་ཡན་གྱིས། ཉིན་ལྟར་ཕྱག་ལྔ་བརྒྱ་རེ་དང་། རབ་ཚེ་མཚམས། མ་མཐར་ཡང་ལོ་གསུམ་ལ་མཚམས་བྱེད་པའི་དམ་བཅའ། ཤ་ཆང་སྣ་ཐ་སོགས་སྤོང་བ། དབྱར་གསུམ་མཆིལ་ལྷམ་ཡང་མི་གྱོན་པ་ཞིག་དགོས་གསུངས་ནས། དེ་དག་སྤང་བླང་ཚུལ་བཞིན་བྱེད་ནུས་པའི་འཁོར་སློབ་ཤ་སྟག་བྱུང་། ཕྱིས་འབྲུག་པ་ཆོས་མགོན་བདུན་པ་ཆོས་ཀྱི་ཉིན་བྱེད་འདི་ཕྱོགས་སུ་ཞབས་ཀྱིས་བཅགས་སྐབས་བླ་མ་འདི་པའི་ཡོན་ཏན་དང་སྙན་གྲགས་གསན་ནས། འདི་ལྟ་བུའི་རྣལ་འབྱོར་པ་ཆེན་པོ་ད་ལྟ་བཞུགས་པ་ངོ་མཚར་ཆེ། ང་ཡང་ཁོང་མཇལ་འཕྲད་མཛད་དགོས་པར་འདུག་གསུངས། འདི་པས་སྒོ་ཐེམ་སྤངས་ནས་ཕྱི་རུ་ཕེབས་པར་མི་གདའ་ཞུས་པས། འབྲུག་པ་ཆོས་མགོན་རིན་པོ་ཆེས་ང་ཕར་བཅར་བས་ཆོག་གསུངས་ཏེ། ཉིན་བདུན་གྱི་རིང་དེར་བཞུགས་ཏེ་དབང་ལུང་དང་ཟབ་ཁྲིད་རྣམས་ཕན་ཚུན་གནང་བཞེས་མཛད་པར་གྲགས། དེའི་སྐབས་སུ་འབྲུག་པ་ཆོས་མགོན་རིན་པོ་ཆེས། གནས་འདིར་དཔའ་བོ་དང་མཁའ་འགྲོ་མ་རྣམས་སྤྲིན་བཞིན་དུ་འདུ་བའི་ཉམས་སྣང་བྱུང་བས་གནས་ཉི་ཤུ་རྩ་བཞིའི་ཡན་ལག་གཅིག་ཡིན། གནས་འདིར་སྒོམ་ཆེན་གདན་ལ་བཞུགས་པར། འོག་ཏུ་པདྨའི་གདན་དང་། ཐོག་ཏུ་ཤིང་གི་གདུགས་ཕུབས་པ་འདྲ་བ། རྩ་དང་རྩི་ཤིང་ཡན་ཆད་ཀྱིས་ཀྱང་ཀི་ལ་ཡའི་རང་སྒྲ་སྒྲོགས་པ་འདུག བླ་མ་འདི་ཡི་སྤྲུལ་གཞི་ཡང་མཉམ་མེད་དྭགས་པོ་ལྷ་རྗེ་ཡིན་པར་གདའ་གསུངས་ཏེ། དབེན་པ་གསུམ་གྱི་སྒྲུབ་པའི་རྒྱལ་མཚན་བཙུགས། །བསླབ་པ་གསུམ་གྱིས་རིན་ཆེན་ཏོག་ལྟར་མཛེས། །ཕྱག་རྫོགས་དབྱེར་མེད་སྐུ་གསུམ་མངོན་དུ་འགྱུར། །ངག་དབང་རྣམ་རོལ་ཞབས་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་འདི་ཡང་གནང་། །མཐར་དགུང་གྲངས་ལྔ་བཅུ་ང་གཅིག་ཐོག་སྐུ་གཤེགས། ། |