59163
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགོན་འདི་འཁྲུལ་ཞིག་སྐུ་ཕྲེང་ལྔ་པ་ཨ་ལྡེའུ་དཔལ་ལྡན་འགྱུར་མེད་ཚེ་དབང་འཕྲིན་ལས་དགུང་གྲངས་དྲུག་དུ་ཕེབས་པ། རབ་བྱུང་བཅུ་བཞི་པའི་ས་སྟག་ ༡༨༡༨ ལོར་མདོ་ཁམས་པ་ལྔ་པ་སྒྲུབ་བརྒྱུད་ཉི་མའི་ལུང་བསྟན་དང་། ཡབ་གཞིས་ནང་ཆེན་རྒྱལ་པོས་སྦྱིན་བདག་གནང་སྟེ། ནང་ཆེན་ཚེས་བཅུ་དགོན་འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་འདི་ཉིད་ཐོག་མར་དཔལ་གྱི་གཡང་འཁྱིལ་གཞུང་དུ་ཆག་བཏབ། གེ་སར་གྱི་སྤྲུལ་པ་ཡིན་པར་ལུང་བསྟན་པ་དང་སྔོན་གནས་རྗེས་དྲན་ཀྱང་གསལ་བར་མངའ། ཟེ་ཆེན་རྒྱལ་ཚབ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ཡོངས་འཛིན་དུ་བསྟེན། མདོ་སྔགས་རིག་གནས་ལ་མཁས་པས་འཁྲུལ་ཞིག་པཎྡི་ཏ་ཞེས་མཚན་སྙན་མངའ། འབྲུག་ཆེན་ཀུན་གཟིགས་ཆོས་སྣང་། མདོ་ཁམས་པ་སྒྲུབ་བརྒྱུད་ཉི་མ། ཀརྨ་པ་བདུད་འདུལ་རྡོ་རྗེ་སོགས་ཀྱིས་ཞབས་པད་བསྙེན། གསར་རྙིང་གཉིས་རྒྱུད་སྡེའི་སྨིན་དབང་། ལྷག་པར་དཔལ་ལྡན་འབྲུག་པའི་ཡབ་ཆོས་རྒྱ་ཅན་ལྔ་དང་། གདམ་ངག་སྡོང་པོ་སུམ་དྲིལ་སོགས་གསན་ཞིང་ཉམས་སུ་བཞེས། ཁམས་སྤྲུལ་གསུམ་པའི་ཞལ་གཟིགས་ལྟར་སྤྲོས་བཅས་ཚེས་བཅུའི་སྒྲུབ་མཆོད་ཆེན་མོའི་སྒྲུབ་ཆེན་སྔ་ཕྱིར་བཙུགས་པ་དང་འབྲེལ་ཚེས་བཅུ་དགོན་ཞེས་པའི་མིང་ཡང་དེ་ནས་ཐོགས། དབུས་ལྷ་ལྡན་དུ་ཕེབས་ནས་ཡུམ་སྲས་ལྷན་གྱིས། རྒྱལ་དབང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་མདུན་ནས་འཇའ་ས་ཤེ་བམ་སྩལ། ཨ་ལྡེའུ་དཔལ་ལྡན་འགྱུར་མེད་ལ་རྨ་བྱའི་དབུ་གདུགས་གསེར་གྱི་བྱང་བུ་ཅན་དང་། བ་སོའི་ཐམ་ག རྒྱལ་པོ་གསེར་ནག་འཁྱོག་དྲུག་གི་ཐེལ་ཙེ་སོགས་གནང་སྐྱེས་དང་བཀུར་བཟོས་རྒྱ་ཆེན་མཛད་ནས་སྔར་ནས་ཡོད་པའི་གོ་གནས་ལ་རྒྱབ་སྐྱོར་གནང་། དེ་ནས་བཟུང་དེམ་ཆི་ཉེར་ལྔའམ། ཚོ་པ་སོ་བདུན་གྱི་མངའ་ཁོངས་སུ་ཡོད་པའི་སེར་ཆགས་ཡོངས་ཀྱི་བདག་དབང་ཡོད་པའི་སྲོལ་གཏོད་ནས་སྔར་གྱི་དབུ་བླ་དེ་ཉིད་དེ་ནས་བཟུང་རྒྱལ་བླ་ཉིད་དུ་གྱུར། མདོར་ན་སྐུ་ཕྲེང་བརྒྱད་པའི་བར་གྱི་འཁྲུལ་ཞིག་པ་ཨ་ལྡེའུ་སྐུ་རབས་རིམ་བྱོན་ནི། ནང་ཆེན་རྒྱལ་བླ་དང་དབུ་བླ་ཡིན་ཞིང་ཚེས་བཅུ་དགོན་གྱི་བསྟན་བདག་གཙོ་བོའང་ཡིན། གཞན་ཡང་གྲུབ་དབང་ཚོགས་གཉིས་སྐུ་ཕྲེང་གསུམ། ཡང་དབེན་མཁན་ཆེན་སྐུ་ཕྲེང་བཅུ་གཉིས་བཅས་ཀྱིས་གདན་ས་མཛད། བོད་དགོན་སྤྱི་མཚུངས་བཞིན་ ༡༩༥༩ ལོའི་རྒྱ་དམར་གྱི་དུས་འགྱུར་དྲག་པོའི་འོག་ཏུ་དགོན་འདི་པའི་རྟེན་བརྟེན་པ་དང་བཅས་པ། སྔར་ནང་ཆེན་རྒྱལ་རབས་མང་པོས་བཞེངས་པའི་དགོན་པ་རྒྱག་ས་དང་བཅས་པ་རྩིག་ཤུལ་ཡོད་མེད་ཅི་རིགས་སུ་གྱུར་པ་མིང་མེད་རྩ་བརླག་ཏུ་བཏང་། སླར་ཡང་གུ་ཡངས་ཀྱི་རྣམ་པས་ ༡༩༨༡ ལོར་དགོན་པ་སླར་གསོ་བྱེད་ཆོག་པའི་ཆོག་མཆན་ཐོབ་པ་ནས་བཟུང་། སྐྱབས་མགོན་ཨ་ལྡེའུ་བརྒྱད་པས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་། ད་ལྟ་བཤད་སྒྲུབ་གཉིས་ཆར་ཚད་ལྡན་གྱི་དགོན་སྡེ་ཆེན་པོ་འདི་དར་ཞིང་རྒྱས་པར་ཡོད་དོ། ། |