59258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་གཉིས་སྐུ་ཕྲེང་དང་པོ་ངག་དབང་ཚོགས་གཉིས་ (1)
Part of speech མིང་ཚིག
Definition གྲུབ་དབང་ངག་དབང་ཚོགས་གཉིས་མཆོག་ནི། མདོ་སྟོད་སེང་གེ་རྫོང་གི་ཉེ་ཞོལ། ཡབ་ཨོ་རྒྱན་མགོན་པོ་དང༌། ཡུམ་འབྲོང་བཟའ་ལྷ་མོ་སྒྲོལ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་བྱི་ ༡༨༢༨ ལོར་འཁྲུངས། བོད་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་པ་ལྷ་རྒྱ་རིའི་རྒྱུད་པ་ཡིན་པས་ཆུང་དུས་ནས་ཀུན་གྱིས་ལྷ་བུ་ཞེས་བརྗོད། སྐུ་ནར་སོན་པ་ན་ཆོས་ཀྱི་བག་ཆགས་ཤིན་ཏུ་ཆེ། ཙ་རིར་བྱོན་དུས། མཁའ་འགྲོས་ཚོགས་འཁོར་རོལ་པའི་མི་ཤ་ཁར་བླུགས་པའི་མོད་ལ་བདེ་བས་ལུས་སེམས་ཁྱབ་པ་བྱུང་གསུང༌། དབུས་གཙང་གི་གནས་ཕལ་ཆེ་བ་འཁོར་ནས་སླར་ཡབ་ཡུལ་དུ་ཕེབས། ཉེར་གཉིས་ས་བྱ་ལོར་ངེས་འབྱུང་གི་བསྐུལ་ཏེ། འཁྲུལ་ཞིག་ལྔ་པའི་སྤྱན་སྔར། སྐྱབས་འགྲོའི་བསླབ་གཞི་བཟུང་ཞིང༌། མཚན་ངག་དབང་ཚོགས་གཉིས་གསོལ། ཆུ་སྟོད་ཟླ་བའི་ནང་བཀའ་བརྒྱད་བདེ་འདུས་སྒྲུབ་ཆེན་གསར་འཛུགས་གནང་སྐབས། ཐུན་དཔོན་དུ་བསྐོས། བླ་མ་དང་གུ་རུ་པདྨ་ཐ་དད་མེད་པའི་མོས་གུས་སྐྱེས། ལོ་གཉིས་ཙམ་བར་དུ་བློ་འཛིན་དང༌། ཨ་ལྡེའུ་རིན་པོ་ཆེ་དང༌། ཡོངས་འཛིན་བླ་མ་བསྟན་དབང་གཉིས་ལས། ཕྱག་རྫོགས་ཀྱི་ཁྲིད་དང་དབང་ལུང་མང་པོ་གསན་ཅིང༌། སྔོན་འགྲོའི་བསགས་སྦྱང་མཛད། ཉེར་བཞི་ལ་ཨ་ལྡེའུ་རིན་པོ་ཆེ་ཞི་བར་གཤེགས་པའི་དགོངས་མཆོད་ཀྱི་ཕྱིར། ཕྱག་གཡས་པའི་སྲིན་མཛུབ་མཆོད་མེར་ཕུལ། སྟག་ལུང་ནས་བསྟན་པའི་ཉི་མ་བྱོན་པའི་སྤྱན་སྔར་བསྙེན་པར་རྫོགས། མཚན་མི་ཕམ་བློ་ལྡན་དུ་བསྩལ། མི་ཏྲ་བརྒྱ་རྩ་སོགས་དབང་ལུང་མང་པོ་ཐོབ། ཕྱག་ཆེན་དངོས་གཞིའི་ངོ་སྤྲོད་གནང་བས། སངས་རྒྱས་དངོས་མཇལ་གྱི་དད་པ་སྐྱེས་ཏེ། བྱིན་རླབས་ཞུགས། རིག་འཛིན་ཆོས་རྒྱལ་རྡོ་རྗེ། བི་མའི་རྣམ་སྤྲུལ་ཀརྨ་བསྟན་རྒྱས་ཆོས་འཕེལ། ཆོས་མགོན་བདུན་པ། འཕྲུལ་ཞིག་དང་པོ། ནག་པོ་རྟོགས་ལྡན། བླ་མ་ཕུན་ཆོས་སོགས་ལས་དབང་ལུང་ཅི་རིགས་གསན་རེས་གནང༌། ཉེར་བཞི་པ་ལྕགས་ཕག་ལོ་ནས་བཅད་རྒྱར་བཞུགས་པས། ཟླ་བ་དགུ་ནས་གསོལ་ཆས་རྫོགས་ཀྱང་དཀའ་ཐུབ་ལོ་བཞི་ཙམ་བཞུགས། སྒྲུབ་སྡེ་མཁའ་སྤྱོད་ཆོས་རྫོང་བདེ་ཆེན་རབ་འབར་ཞེས་པ་གསར་འདེབས་གནང་ཞིང༌། བླ་མ་སྐུ་གསུམ་གྱི་སྒྲུབ་པ་ལོ་བདུན་མཛད་པས། སྔོན་ལང་འགྲོ་ལོ་ཙཱ་བ་དང༌། རཏྣ་གླིང་པའི་སྐྱེ་བ་ཡིན་པའི་ལས་འཕྲོ་སད། མཚན་པདྨ་དྲི་མེད་འོད་ཟེར་ཡང་ཞུ། འཇམ་མགོན་ཀོང་སྤྲུལ་གྱིས་ཀྱང་བསྟོད་བསྔགས་གནང་། དབང་ཁྲིད་དུ་མ་གསན། ཡེལ་གཞུང༌། ཐེག་ཆེན་གླིང༌། སྐྱོག་བྲག ཁམས་རི་བོ་ཆེ། དབུས་གཙང་སོགས་སུ་འགྲོ་དོན་དང་སྒྲུབ་པ་སྤེལ་མར་གནང་མཐར། དགུང་ལོ་རེ་གཅིག་པ་ས་བྱི་ ༡༨༨༨ ལོའི་ས་ཟླའི་ཉེར་དགུ་ལ་ཞི་བར་གཤེགས། སློབ་མ་ནི། རྒྱལ་དབང་དགུ་པ་དང་། ཁམས་སྤྲུལ་དྲུག་པ། འཁྲུལ་ཞིག་དྲུག་པ། ཁྲ་རིས་ངག་དབང་ཆོས་འབྱོར། རྟོགས་ལྡན་ངག་དབང་དགེ་ལེགས། གད་ཆགས་ཚངས་དབྱངས་རྒྱ་མཚོ། བྱམས་མེ་ཆོས་དཔལ་རྒྱ་མཚོ། འཇམ་སྤྲུལ་བསྟན་པའི་རྒྱལ་མཚན། འབྲུ་འཇམ་དབྱངས་གྲགས་པ། སྡོམ་པ་བླ་མ་ཕུན་ཚོགས་ཆོས་གྲུབ། ཐར་རུ་རྟོགས་ལྡན་ཆོས་དབྱིངས་རྣམ་དག རླངས་ངག་དབང་ལྷུན་གྲུབ། དགེ་བཤེས་བསྟན་འཛིན་བཟང་པོ། ཀུན་མཁྱེན་ཚེ་དབང་རྣམ་རྒྱལ། ངོར་མཁན་ཆེན་ཀུན་དགའ་བསྟན་འཛིན། ནག་པོ་གཏེར་སྟོན་གར་དབང་ཡེ་ཤེས་རོལ་པ། ངག་དབང་རྣམ་རྒྱལ་བརྟན་པ་སོགས་མང་ངོ་། །

{{#arraymap:ཚོགས་གཉིས་སྐུ་ཕྲེང་དང་པོ་ངག་དབང་ཚོགས་གཉིས་

|; |@@@ | | }}