59311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་མཆོད་ (1)
Part of speech མིང་ཚིག
Definition སྔར་དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས་ལོ་ལྟར་བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཉིན་བཅུ་གཉིས་རིང་། ལྷ་ལྡན་འཕྲུལ་སྣང་གཙུག་ལག་ཁང་དུ་ལྷ་ས་སྨོན་ལམ་ཆེན་མོ་དང་འདྲ་བའི་དགེ་འདུན་གྱི་ཚོགས་འདུ་བ་དང་མཆོད་འབུལ་ཤིན་ཏུ་རྒྱ་ཆེན་བྱེད་སྲོལ་ཡོད་པ་དེ་ལ་ཚོགས་མཆོད་ཆེན་མོ་ཞེས་སུ་གྲགས། དེ་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ཕྱི་ལོ་ ༡༦༩༤ ལོར་མཁས་པའི་དབང་པོ་སྡེ་སྲིད་སངས་རྒྱ་མཚོས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དགོངས་རྫོགས་ཀྱི་དུས་མཆོད་གསར་འཛུགས་མཛད་པ་ཞིག་ཡིན་འདུག དེའང་ཐོག་མར་ཟླ་གཉིས་པའི་ཚེས་ཉེར་གསུམ་གྱི་དགོང་ཇ་གྲལ་འཛིན་ནས་བཟུང་ཉིན་བདུན་ལས་མེད་ཀྱང་རྗེས་སུ་༸གོང་ས་ཏཱ་ལའི་བླ་ མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་མཆོད་སོགས་རིམ་སྣོན་ཉིན་བཅུ་གཉིས་ཆགས། ཕྱིས་སུ་བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གཙུག་ལག་ཁང་དུ་དགོང་ཇ་གྲལ་འཛིན་གནང་བ་ནས་བཟུང་ཚོགས་མཆོད་ཉིན་བཅུ་གཉིས་རིང་གདན་ས་ཆེན་པོ་གསུམ་སོགས་ཀྱི་དགེ་འདུན་གྲངས་ཆིག་ཁྲི་ཡས་མས་འདུ་འཛོམས་ཐོག་གཞུང་ཕྱོགས་ནས་མང་ཇ་འགྱེད་དངུལ་བཅས་པའི་གཏོང་སྒོ། དེ་མིན་འབྱོར་ལྡན་ཁག་གི་ཐེབས་སྦྱར་འཕར་འགྱེད། གཞན་ཡང་འབྲས་སྤུངས་ཚོགས་ཆེན་ཞལ་ངོས་ལྷ་སའི་ཁྲིམས་བདག་བྱེད་སྲོལ་སོགས་ལྷ་ས་སྨོན་ལམ་ཆེན་མོ་དང་ཕལ་ཆེར་མཚུངས་ཀྱང༌། སེ་འབྲས་དགེ་འདུན་གྲངས་ཚད་སྨོན་ལམ་ནང་བཞིན་མང་པོ་མེད་ལ་འབྱོར་ལྡན་ཁག་གི་བསྙེན་བཀུར་ཞུ་མིའང་སྨོན་ལམ་ལས་ཉུང་བ་ཡོད། ཚེས་ཉེར་ལྔ་ཉིན་དགོངས་རྫོགས་ཀྱི་དུས་མཆོད་དངོས་གཞིར་བརྟེན་དགེ་འདུན་ཚོར་འགྱེད་དངུལ་དང༌། ཇ་ཐུག་སོགས་གཟབ་ཅིང་རྒྱས་པའི་བསྙེན་བཀུར་བྱ་སྲོལ་ཡོད་པ་མ་ཟད། དད་ཅན་རྣམས་ཀྱིས་ཀྱང་ཚོགས་མཆོད་རིང་དང་ལྷག་པར་དེ་ཉིན་ཕྱག་མཆོད་སོགས་གང་ལེགས་བྱ་སྲོལ་ཡོད། ལོ་ལྟར་ཚོགས་མཆོད་རིང་གདན་ས་གསུམ་གྱི་དགེ་བཤེས་མི་གྲངས་བརྒྱད་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་གྲྭ་སྐོར་དམ་བཅའ་འཇོག་པ་དང༌། ཚོགས་མཆོད་རིང་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་དེ་རྣམས་ལ་ཚོགས་རམས་དགེ་བཤེས་ཞེས་ཟེར།