59343
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྒྱུ་དུག་ལྔ་དང་དེའི་བྱེད་པ་མི་དགེ་བཅུ་སོགས་དམན་པའི་ངན་སྤྱོད་རྣམས་མ་རྟོགས་པ་ཀུན་ལ་སྤང་བྱ་མ་དག་པའི་མཚན་ཉིད་ཅན་དུ་སྣང་བ་ཡིན་ཡང་། དོན་དམ་པར་ངོ་བོའམ་མཚན་ཉིད་ངེས་པ་ཅན་དུ་ཅིར་ཡང་མ་གྲུབ་པར་གཟིགས་ཤིང་རྟོགས་ལ། ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྣང་བ་ལྷ་དང་ལྷ་མོ་སོགས་ཀྱི་ངོ་བོ་རུ་བསྒྱུར་ཏེ་དག་སྣང་འབའ་ཞིག་ཏུ་གྲུབ་པར་མཐོང་ཞིང་གཟིགས་པ་ནི། མི་སྤང་བའི་དམ་ཚིག་སོགས་ལ་རབ་ཏུ་གནས་ཤིང་སྤྱད་པའི་མཐུ་ནུས་ཡིན་པ་མ་ཟད། འབྲས་བུ་འཐོབ་བྱེད་ཀྱི་ཚོགས་སུ་འགྲོ་བ་ཡིན་པས་གསང་སྔགས་ཐེག་པ་ཆེན་པོའི་དམ་ཚིག་གི་ཆེ་བ་ཞེས་བྱ་སྟེ། འགུ་ཡ་ལས། དམན་སྤྱོད་ཚོགས་འགྱུར་ཆེ་བ་ནི། གསང་སྔགས་འབྲས་བུ་རབ་ངེས་ན། མི་དགེ་བཅུ་ལ་སོགས་པ་ཡི། ཉོན་མོངས་མ་ལུས་ཀུན་སྤྱད་ཀྱང་། འཁོར་གསུམ་ཡོངས་སུ་དག་གྱུར་པས། མ་ལུས་ཚོགས་སུ་འགྱུར་བའོ། །ཞེས་པས། དེ་ཡང་གཞི་ཇི་བཞིན་པའི་ངང་ལས་སྐྱེ་མཆེད་སྣ་ཚོགས་སུ་འཆར་བ་སྟེ། དེ་ཡང་མ་རིག་གཞན་འཛིན་གྱི་དབང་གིས་སྣང་བ་སྣོད་དང་སྲིད་པ་བཅུད་ཀྱིས་བསྡུས་པའི་གཟུང་འཛིན་གྱི་སྣང་བ་སོ་སོ་བ་ཇི་སྙེད་འདི་དག་གྲུབ་པ་ཡིན་ལ། སླར་ཡང་དེ་ལྟར་གཞན་འཛིན་དང་ཆགས་སྡང་སོགས་ཀྱི་དབང་དུ་གྱུར་པ་མ་ཡིན་པར། དེ་དག་ཐམས་ཅད་དག་སྣང་འབྲས་བུའི་རྣམ་པ་ལྷ་དང་གཞལ་ཡས་ཀྱི་རང་བཞིན་ཅན་དུ་དོན་གྱི་གནས་ལུགས་རྣལ་མར་འབྱོར་ཞིང་ངེས་པ་ན། སྲོག་གཅོད་རྐུ་རྫུན་ལ་སོགས་མི་དགེ་བའི་རྣམ་པ་ཀུན་སྤྱད་ཀྱང་འཁོར་གསུམ་སྟེ། སྲོག་གཅོད་པ་ལ་མཚོན་ན། སྲོག་གཅོད་པ་པོ་དང་། བཅད་བྱའི་ཡུལ། གཅོད་པའི་ཐབས་ཀྱི་བྱེད་པ་བཅས་གང་ལ་ཡང་ཆགས་སྡང་ལ་སོགས་ཉོན་མོངས་ཀྱི་དམིགས་ཡུལ་དུ་མ་གྱུར་པའམ་དེ་དག་ཀུན་ལ་མཐའ་འཛིན་གྱི་དམིགས་པ་དང་བྲལ་ཞིང་། སྲོག་གཅོད་རྐུ་རྫུན་ལ་སོགས་གང་དག་ལ་འཇུག་པ་ཀུན་གཞན་དོན་དུ་ཐུགས་བརྩེའི་ངང་ནས་སྤྱོད་པ་ཡིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་གསུངས་སོ། ། |
| Domain | ཆོས་ལུགས། |