59344

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་སྒྲུབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྙིང་རྗེ་ལ་སོགས་པ་ནི་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའི་རྒྱུ་ཚོགས་ཡིན་པས་སོ། །ཇི་ལྟར་ཞེ་ན། བྱང་ཆུབ་ཆེན་པོ་འབྲས་བུར་དངོས་སུ་འཛིན་པའི་ཕྱིར་ཏེ། སྙིང་རྗེ་ལ་སོགས་པ་འདི་དག་གིས་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ངོ་བོ་ཡིན་པས་སོ། །ཅིའི་ཕྱིར་སྒྲུབ་པ་ཞེས་བྱ་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་སོ་སོའི་མཚན་ཉིད་རྟོགས་ཤིང་། དོན་དམ་པར་མི་དམིགས་པར་རྟོགས་པའི་རྣམ་པས་རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་པ་ཆེན་པོ་མཐའ་དག་སྒྲུབ་པས་སོ། །དབྱེ་ན། སྙིང་རྗེ་ལ་སོགས་པ་བཅུ་བདུན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། མཐར་ཐུག་གི་བྱང་ཆེན་སྒྲུབ་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར་ཏེ། དོན་གསལ་ལས། སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་སྒྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འབྱིན་པར་བྱེད་པའི་ཕྱིར་ན་སྙིང་རྗེ་ལ་སོགས་པ་འདི་དག་ནི་ཚོགས་ཡིན་པས་ཞེས་གསུངས་པའི་ཕྱིར། དབྱེ་ན་སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ་ནས་གཉེན་པོ་ཚོགས་སྒྲུབ་ཀྱི་བར་བཅུ་བདུན་ནོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་གིས། ཚོགས་སྒྲུབ་ཀྱི་མཚན་ཉིད་ནི། གོ་ཆ་དང་འཇུག་པ་ཟུང་དུ་འབྲེལ་བའི་བསྒྲུབ་པ་གང་ཞིག རང་འབྲས་བྱང་ཆུབ་ཆེན་པོ་འཛིན་པའི་རྒྱུ་ཚོགས་སོ། །དེ་སྐད་དུ་ཡང། སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པའི་ཕྱིར་ན། སྙིང་རྗེ་ལ་སོགས་པ་ནི་ཚོགས་ཡིན་ནོ། །ཞེས་གསུངས་པས་སོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཚོགས་སྒྲུབ་

|; |@@@ | | }}

ཚོགས་སྒྲུབ་ (2)
Part of speech མིང་ཚིག
Definition ཚོགས་སྒྲུབ་གྱི་མཚན་ཉིད་ནི། རང་འབྲས་བྱང་ཆེན་དངོས་སུ་ཐོབ་བྱེད་དང་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྟོགས་པ་ཐོབ་ཟིན་པའི་སྒྲུབ་པའི་གཞི་མཐུན་པ་དེ་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཚོགས་གསོག་པའི་སྒྲུབ་པའི་མཚན་ཉིད། བྱང་སེའི་སྒྲུབ་པ་གང་ཞིག རང་འབྲས་སློབ་ལམ་མམ་མི་སློབ་པའི་བྱང་ཆེན་གྱི་རྒྱུའི་མཐར་ཐུག་པའི་ཚོགས་སྒྲུབ་པའམ་ཐོབ་པར་བྱེད་པ་སྟེ། མདོ་ལུགས་མ་ལས། ཚོགས་སྒྲུབ་ཀྱི་ངོ་བོ་དང་ཚོགས་སྒྲུབ་ལ་ཞུགས་པ་དང་། ཚོགས་སྒྲུབ་ཀྱི་བྱེད་ལས་དེ་གསུམ་མོ། །རྩེ་དང་སྦྱིན་ལ་སོགས་པ་དྲུག ། ཅེས་པ་ནས་ལམ་དང་གཟུངས་དང་ཞེས་པས་ནི་ཚོགས་སྒྲུབ་ཀྱི་ངོ་བོ་སྟོན་ཏོ། །ས་བཅུ་དང་ཞེས་པས་ཚོགས་སྒྲུབ་ལ་ཞུགས་པ་སྟོན་ཏོ། །གཉེན་པོ་ཞེས་པས་ཚོགས་སྒྲུབ་ཀྱི་བྱེད་ལས་སྟོན་ནོ། །ཚོགས་སྒྲུབ་ཀྱི་སྒྲུབ་པའི་རིམ་པ་ཡིན་པར་ཤེས་པར་བྱ། ཞེས་པས་ཚོགས་སྒྲུབ་སྟོན་པའི་ཆོས་དེ་དག་མདོ་ལས་འབྱུང་བའི་རིམ་པ་ཡིན་པར་སྟོན་ནོ། །དབྱེ་ན་བཅུ་བདུན། ཉ་ཊཱིཀ་ལས། སྒྲུབ་རྒྱུའི་ཚོགས་བཅུ་བདུན། དེ་སྒྲུབ་པའི་ཚོགས་སྒྲུབ་བཅུ་བདུན་ཡོད་པས་སྔ་རབས་རྣམས་ཀྱིས་དེ་མ་ཕྱེས་པར་ཚོགས་བཅུ་བདུན་ཉིད་ཚོགས་སྒྲུབ་བཅུ་བདུན་དུ་འཆད་པ་ནི་དོན་སྤྱི་མ་ཤར་རོ། །བྱང་སེམས་མཐོང་ལམ་ནི། མཚོན་བྱའོ། །བྱང་སེམས་འཕགས་པའི་རྒྱུད་ཀྱི་ཕྱིན་དྲུག་ནི། མཚན་གཞིའོ། །མཚོན་བྱའི་སྒྲ་དོན་ནི། གོ་སྒྲུབ་ཀྱིས་ཚོགས་ལམ་ནས་རྒྱུན་མཐའི་བར་གྱི་དད་པ་ལྟ་བུའི་ལམ་རེ་རེ་ཡང་ལེ་ལོ་སོགས་གནོད་པ་གང་གིས་ཀྱང་མི་ཚུགས་པའི་ཕར་ཕྱིན་དྲུག་གིི་གོ་ཆ་དང་ལྡན་པར་སྒྲུབ་པས་སྦྱོར་ལམ་དྲོད་རྩེ་ནས་རྒྱུན་མཐའི་བར་ནི་གང་མ་སྤངས་པའི་སྤང་བྱའི་གཡུལ་ལས་རྒྱལ་བ་ལ་ཤུགས་མྱུར་བར་འཇུག་པར་བྱེད་ནུས་སུ་གྱུར་པས་ན་གཡུལ་འཐབ་པ་ལ་ལམ་དུ་ཞུགས་པ་དང་འདྲའོ། །

{{#arraymap:ཚོགས་སྒྲུབ་

|; |@@@ | | }}

ཚོགས་སྒྲུབ་ (3)
Part of speech མིང་ཚིག
Definition དོན་བདུན་ཅུའི་ནང་གསེས་སྐབས་དང་པོར་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་བཤད་པའི་ནང་གི་ཚོགས་ཀྱི་སྒྲུབ་པ་སྟེ། གྲོགས་ཕྱིན་དྲུག་དང་ཚོགས་གཉིས་ཀྱི་དཔུང་དང་བཅས་པའི་སྒོ་ནས་འབྲས་བུ་རྣམ་མཁྱེན་སྒྲུབ་པའི་བྱང་སེམས་ཀྱི་ལམ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། རང་ལུགས། ཚོགས་གཉིས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་འབྲིང་མན་ཆད་ལས་ཁྱད་པར་དུ་འཕགས་ཤིང། རང་འབྲས་བྱང་ཆེན་འབྱིན་པའི་སེམས་དཔའི་རྣལ་འབྱོར། ཚོགས་སྒྲུབ་ཀྱི་མཚན་ཉིད། ཅེས་གསུངས། དབྱེ་བ་ནི། ཕར་ཕྱིན་རྩ་ཊཱིཀ་ལས། དང་པོ་ནི། ཚོགས་ཀྱི་སྒྲུབ་པ་ཆོས་ཅན། རྣམ་པ་བཅུ་བདུན་ཡོད་དེ། ༡ སེམས་ཅན་མཐའ་དག་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང༌། ༢ ཚེ་འདིར་བདེ་བ་ལ་འགོད་པའི་སྦྱིན་པ་དང༌། ༣ ཕྱི་མ་མངོན་མཐོའི་བདེ་བ་ལ་འགོད་པ་ཚུལ་ཁྲིམས་དང༌། ༤ ཏིང་ངེ་འཛིན་གྱི་བདེ་བ་ལ་འགོད་པ་བཟོད་པ་དང༌། ༥བརྩོན་འགྲུས་དང༌། ༦ གཅིག་ཏུ་ངེས་པའི་བདེ་བ་སྒྲུབ་པ་བསམ་གཏན་དང༌། ༧ གཏན་དུ་བའི་བདེ་བ་སྒྲུབ་པ་ཤེས་རབ་དང༌། མཉམ་རྗེས་ཀྱི་དབང་དུ་བྱས་པ ༨ ཞི་གནས་དང་། ༩ ལྷག་མཐོང་། ༡༠ ཟུང་དུ་འབྲེལ་བའི་ལམ་དང༌། ༡༡ གཞན་དོན་སྒྲུབ་པའི་ཐབས་ལ་མཁས་པ་དང༌། ༡༢ ཚོགས་གཉིས་ཀྱི་དབང་དུ་བྱས་པ་ཡེ་ཤེས་དང༌། ༡༣ བསོད་ནམས་དང༌། ༡༤ ཡོན་ཏན་སྒྲུབ་པ་མཐོང་བ་ལ་སོགས་པའི་ལམ་དང༌། ༡༥ ཆོས་རྣམས་ཀྱི་ཚིག་དོན་བསྐལ་པ་ལ་སོགས་པའི་བར་དུ་མི་བརྗེད་པར་འཛིན་པས་ན་གཟུངས་ཏེ་དབྱེ་ན་བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས། ཚིག་གི་གཟུངས། དོན་གྱི་གཟུངས་དང་བཞིར་ཡོད་པ་དང༌། ༡༦ ཡོན་ཏན་གྱི་རྟེན་བྱེད་པས་ས་དང༌། ༡༧ སྤང་བྱ་སྤོང་བ་གཉེན་པོའི་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སྙིང་རྗེ་ཆེན་པོ་ལ་སོགས་པ་བཅུ་བདུན་པོ་ཆོས་ཅན། ཚོགས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། སྙིང་རྗེ་ཆེན་པོ་ལ་སོགས་པ་བཅུ་བདུན་པོ་འདི་དག་གིས་ཡང་དག་པར་འགྲུབ་པའི་ངོ་བོ་བྱང་ཆུབ་ཆེན་པོ་འབྱིན་པར་བྱེད་པའི་ཕྱིར། ཞེས་གསུངས།

{{#arraymap:ཚོགས་སྒྲུབ་

|; |@@@ | | }}

ཚོགས་སྒྲུབ་ (4)
Part of speech མིང་ཚིག
Definition རང་གི་དངོས་ཀྱི་ཉེར་ལེན་བྱས་པ་ལས་བྱུང་བའི་ཐེག་ཆེན་གྱི་འཕགས་ལམ་གྱི་དངོས་ཀྱི་ཉེར་ལེན་བྱེད་པའི་སེམས་དཔའི་རྣལ་འབྱོར། ཚོགས་སྒྲུབ་ཀྱི་མཚན་ཉིད། ཅིའི་ཕྱིར་ཚོགས་སྒྲུབ་ཅེས་བྱ་ཞེ་ན། ཚོགས་གཉིས་ཀྱི་དཔུང་རྒྱ་ཆེན་པོ་གསོག་པའི་སྒྲུབ་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་དབྱེ་ན། བརྩེ་ བ་སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ་སོགས་བཅུ་བདུན་དུ་ཡོད་དོ། །ས་མཚམས་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་ན་ཡོད་དོ། །

{{#arraymap:ཚོགས་སྒྲུབ་

|; |@@@ | | }}

ཚོགས་སྒྲུབ་ (5)
Part of speech མིང་ཚིག
Definition རང་གི་ཉེར་འབྲས་སུ་གྱུར་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དངོས་སུ་བསྐྱེད་པའི་སེམས་དཔའི་རྣལ་འབྱོར་དེ། ཚོགས་སྒྲུབ་ཀྱི་མཚན་ཉིད། དེ་དང་ཐེག་ཆེན་སྦྱོར་ལམ་ཐ་མའི་ཡེ་ཤེས་ཐོབ་པའི་སེམས་དཔའི་རྣལ་འབྱོར་དོན་གཅིག

{{#arraymap:ཚོགས་སྒྲུབ་

|; |@@@ | | }}