59512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོར་བའི་དབང་པོ་ལྔ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སིམ་པར་ཉམས་སུ་མྱོང་བའི་ལུས་ཚོར་དང། བསམ་གཏན་གསུམ་པའི་སེམས་བདེ་གང་རུང་གིས་བསྡུས་པ་དེ་ཚོར་བ་བདེ་བའི་དབང་པོའི་མཚན་ཉིད། འདི་ལ་ལུས་ཚོར་དང་སེམས་ཚོར་གཉིས་སུ་འབྱེད་དེ། བསམ་གཏན་གསུམ་པའི་ཡིད་བདེ་ནི་སེམས་ཚོར་དང་། སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་བདེ་བ་རྣམས་ནི་ལུས་ཚོར་ཡིན་པའི་ཕྱིར། རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་ལུས་ཚོར་དེ་སྡུག་བསྔལ་གྱི་དབང་པོའི་མཚན་ཉིད། རང་སྟོབས་ཀྱིས་སིམ་པ་ཉམས་སུ་མྱོང་བའི་སེམས་ཚོར་གང་ཞིག བསམ་གཏན་གསུམ་པའི་སེམས་བདེ་ལས་གཞན་དུ་གྱུར་པའི་ཆོས་དེ་ཡིད་བདེའི་དབང་པོའི་མཚན་ཉིད། རང་སྟོབས་གྱིས་གདུང་བར་ཉམས་སུ་མྱོང་བའི་སེམས་ཚོར་དེ་ཡིད་མི་བདེ་བའི་དབང་པོའི་མཚན་ཉིད། རང་སྟོབས་ཀྱིས་སིམ་གདུང་བར་མ་ཉམས་སུ་མྱོང་བའི་ཚོར་བ་དེ་ཚོར་བ་བཏང་སྙོམས་ཀྱི་དབང་པོའི་མཚན་ཉིད། དབྱེ་ན་ལུས་ཚོར་དང། སེམས་ཚོར་གཉིས་སུ་ཡོད། ལུས་ཚོར་དང་སེམས་ཚོར་གྱི་ཁྱད་པར་ནི། དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཚོར་བ་རྣམས་ལ་ལུས་ཚོར་ཞེས་བྱ་སྟེ། དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་ཡིན་པའི་ཕྱིར། བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཚོར་བ་རྣམས་ལ་སེམས་ཚོར་ཞེས་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་ཡིན་པའི་ཕྱིར་རོ། །ཚོར་བ་བདེ་བའི་དབང་པོ་སོགས་ལྔ་ནི་ཀུན་ནས་ཉོན་མོངས་སྐྱེད་པ་ལ་དབང་བྱེད་དེ། རྒྱུ་མཚན་ནི་ཚོར་བ་བདེ་བ་དང། ཡིད་བདེ་དག་ལས་འདོད་ཆགས་དང། སྡུག་བསྔལ་དང་ཡིད་མི་བདེ་བ་ལས་ཞེ་སྡང་དང། བཏང་སྙོམས་ལས་གཏི་མུག་འཕེལ་བར་མདོ་ལས་གསུངས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།