59513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོར་བའི་ཕུང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚོར་བའི་ཕུང་པོའི་མཚན་ཉིད། སིམ་གདུང་བར་མ་གང་རུང་དུ་ཉམས་སུ་མྱོང་བ་དུ་མ་སྤུངས་པའོ། །གལ་ཏེ་ཉམས་སུ་མྱོང་བའི་དོན་ཡུལ་མྱོང་བའམ་རང་མྱོང་བ་ལ་བྱེད། གཉིས་ཀ་ལྟར་ན་ཡང་སེམས་སེམས་བྱུང་ཐམས་ཅད་ཚོར་བར་འགྱུར་རོ་ཞེ་ན། དེ་གཉིས་ཀ་ལྟར་མིན་གྱི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་བདེ་སྡུག་བཏང་སྙོམས་སུ་ཉམས་སུ་མྱོང་བའོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། ཚོར་བ་ནི་རང་སྟོབས་ཀྱིས་དོན་གྱི་ཁྱད་པར་མྱོང་བའམ། ཁ་ཅིག་ནི་དོན་དུ་གཉེར་བྱའི་མྱོང་པ་ལ་འདོད་དོ། །དབྱེ་བ་ནི། བདེ་བ་དང་སྡུག་བསྔལ་བཏང་སྙོམས་གསུམ་མམ། ཡིད་བདེ་དང་ཡིད་མི་བདེ་དང་བཅས་པ་ལྔར་དབྱེའོ། །རྟེན་གྱི་སྒོ་ནས་ལུས་ཚོར་སེམས་ཚོར་གཉིས་སམ། རྣམ་པ་གཅིག་ཏུ་ན་ཚོར་བའི་ཚོགས་དྲུག་གོ ། གལ་ཏེ་སེམས་དང་སེམས་བྱུང་གཞན་ལ་མྱོང་བ་ཡོད་ན་དེ་དག་ཀྱང་ཚོར་བར་འགྱུར་ལ། མེད་ན་རིག་པ་ཙམ་དུ་མི་འགྱུར་རོ་ཞེ་ན། རང་སྟོབས་ཀྱིས་མྱོང་བའི་བདག་ཉིད་མ་ཡིན་ཡང་གཞན་སྟོབས་ཀྱིས་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། མཚན་ཉིད་ནི། རང་སྟོབས་ཀྱིས་རང་ཡུལ་མྱོང་བའི་རྣམ་པ་ཅན་གྱི་སེམས་བྱུང་དེའོ། །དབྱེ་བ་ལ་ངོ་བོའི་སྒོ་ནས་ཚོར་བ་བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་དང་ལྔ། རྐྱེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག་གོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།