59876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཛྭ་ཡ་བློ་བཟང་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ལོར་སྐུ་འཁྲུངས། དགུང་ལོ་བཞི་པར་འདུལ་འཛིན་བློ་གྲོས་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། ལྔ་པ་ནས་བཅུ་ཡི་བར་སློབ་དཔོན་ཤེས་རབ་རིན་ཆེན་ལས་འཇིགས་བྱེད་དང་། གདུགས་དཀར། གསང་འདུས་སོགས་བློར་བཟུང་། ཉེར་གཅིག་པར་དབུས་སུ་རྒྱལ་དབང་ལྔ་བ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། གླིང་སྟོད་ཞབས་དྲུང་བློ་བཟང་རྒྱ་མཚོ་ལས་སྤྱོད་འཇུག་དང་། གསོ་རིག་རྩ་རྒྱུད་སོགས་ཀྱི་ལུང་ཞུས། གཙང་བཀྲ་ཤིས་ལྷུན་པོར་ཞུགས། དཀའ་ཆེན་ནམ་མཁའ་བསོད་ནམས་གྲགས་པར་བསྟེན། ཚད་མ་རྣམ་འགྲེལ་ཐུགས་འཛིན་མཛད། རྩོད་པས་མཁས་པར་གྱུར། ཉེར་གསུམ་པར་རྒྱལ་དབང་ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས། མཚན་ལ་བློ་བཟང་འཕྲིན་ལས་ཞེས་གནང་། རྒྱལ་དབང་ལྔ་པ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། ཁྱབ་བདག་དགེ་འདུན་དོན་གྲུབ། སློབ་དཔོན་འཇམ་དབྱངས་གྲགས་པ། དགའ་ལྡན་ཁྲི་བ་བློ་བཟང་དོན་ཡོད་སོགས་བཤེས་གཉེན་མང་དུ་བསྟེན། གཞུང་ཆེན་བཀའ་པོད་ལྔ་ལ་ལེགས་པར་སྦྱངས། སོ་བརྒྱད་པར་སོག་ཡུལ་དུ་ཕེབས་ཏེ་གདུལ་བྱ་རྣམས་སྨིན་པར་མཛད། སོག་ཡིག་ལ་མཁས་པས་ཆོས་བཀའ་མང་པོ་སོག་ཡིག་ཏུ་བསྒྱུར། རེ་བདུན་པ་རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༠༨ ལོར་སྐུ་གཤེགས། གསུང་རྩོམ་ནི་སྐྱེ་བ་སྔ་ཕྱིའི་བརྟག་པ་བསྟན་བཅོས་དངུལ་དཀར་མེ་ལོང་དང་། དོན་རྒྱན་སོ་ལྔའི་དཔེར་བརྗོད་ཚངས་སྲས་དགྱེས་པའི་གླུ་དབྱངས། ཡི་གེའི་བསྟན་བཅོས་མདོར་བསྡུས་བཅས་ཆོས་ཚན་སོ་བཞི་ལོངས་པའི་པོད་ལྔ་བཞུགས།