60043
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་ཆེན་འདི་ཉིད་གཙང་ཞ་ལུ་གསེར་ཁང་གོང་མར་ཡབ་འགོས་ཀྱི་རིགས་ལས་བྱུང་བ་བསམ་འགྲུབ་བཟང་པོ་དང༌། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་བྱ་ཕྱི་ལོ་ ༡༤༤༡ ལོར་སྐུ་བལྟམས། མཚན་ཆོས་སྐྱོང་འབུམ་ཞེས་གསོལ། དགེ་བའི་བཤེས་གཉེན་བཀྲ་ཤིས་དཔལ་ལྡན་དྲུང་ནས་བོད་ཡིག་འབྲི་ཀློག་གསན་སྦྱོང་མཛད། དགུང་ལོ་བརྒྱད་པའི་སྐབས་ཡབ་གཤེགས་པས་རྨོ་རྨོས་ཤར་ཁ་བ་བདག་ཆེན་བཀྲ་ཤིས་འཕགས་པའི་ཞབས་འབྲིང་དུ་མངགས་ནས་དགུང་ལོ་ཉེར་གཉིས་བར་ཁྱིམ་ཚུལ་བཟུང་ཡང་དེའི་རིང་རིག་གནས་དག་ལ་ཐོས་པ་རྒྱ་ཆེར་མཛད། དགུང་ལོ་ཉེར་གཉིས་པར་རབ་ཏུ་བྱུང༌། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་བསྙེན་པར་རྫོགས། ཡོངས་འཛིན་བཅུ་ཕྲག་ལྔ་ཙམ་བསྟེན་ནས་བོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཕལ་མོ་ཆེ་དང༌། མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ལྷག་པར་རིག་གནས་ཀྱི་བཤད་རྒྱུན་ཉམས་པ་གསོ་ཕྱིར་མཁས་པ་དུ་མའི་ཞབས་ལ་གཏུགས། དགུང་ལོ་དོན་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་སྐུལ་བཞིན་ཞ་ལུར་ཕེབས་ཏེ་མདོ་སྔགས་སྤྱི་དང༌། ལྷག་པར་ཐུན་མོང་གི་རིག་གནས་བཤད་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་དོན་དྲུག་པར་སྡེ་པ་ཡར་རྒྱབ་པས་གདན་ཞུས་ལྟར་སླར་གྲྭ་ཐང་དུ་ཕེབས་ནས་སྐུ་ཚེའི་མཐའ་མ་བར་བཞུགས། གསུང་རྩོམ་ཡང་ཀ་ཙན་གྱི་སྤྱི་དོན་དང༌། འགྲེལ་པ་རྣམ་པ་གཉིས། བྱིངས་མདོའི་བསྡུས་དོན། ཀ་ལཱ་པའི་ས་བཅད། ཉེར་བསྒྱུར་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ། སྙན་ངག་མེ་ལོང་གི་འགྲེལ་པ། སྡེབ་སྦྱོར་གྱི་གནད་བསྡུས་པ། དག་ཡིག་ཟ་མ་ཏོག ཨཥཊའི་བྱིངས་སྒྲུབ་པ་སོགས་སྔགས་ཀྱི་བྱིངས་སྒྲུབ་མང་པོ། མཚམས་སྦྱོར་གྱི་འགྲེལ་པ་གཉིས། སུམ་རྟགས་ཀྱི་འགྲེལ་པ་བརྡ་སྤྲོད་རིག་པའི་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་གསར་རྩོམ་མཛད། ལོ་ཆེན་ཆོས་སྐྱོང་བཟང་པོའི་ཐུགས་སྲས་ལ་མཚོན་ན། ས་ལོ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དང༌། ལོ་ཙཱ་བ་རཏྣ་བྷ་དྲ། མཐུ་སྟོབས་ཆོས་ཀྱི་ངག་དབང་བསོད་ནམས། ཉིད་ཀྱི་དབོན་པོ་ལོ་ཆེན་པདྨ་དཀར་པོ། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས། གཡའ་བཟང་མཁས་བཙུན་དབང་པོ་སོགས་ལོ་ཆེན་དགུ་དང༌། སྔགས་ཀྱི་བཤད་རྒྱུན་འཛིན་པའི་སློབ་མ་མཁས་གྲུབ་ཨོ་རྒྱན་རྫོང་པ། རྩེད་ཐང་འབུམ་རམས་པ། མཁན་པོ་ཆོས་གྲུབ་སེངྒེ་སོགས་མང་དུ་བྱུང་ནས་གངས་ཅན་གྱི་ལྗོངས་ཐམས་ཅད་དུ་ཁྱབ་པར་གྱུར། མཐར་དགུང་གྲངས་གྱ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ་༡༥༢༧ ལོར་ཐུགས་སྲས་པདྨ་དཀར་པོ་གྲྭ་ཚང་གི་གདན་སར་བསྐོ་བཞག་མཛད་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ། |
{{#arraymap:ཞ་ལུ་ལོ་ཆེན་
|; |@@@ | | }}