60071

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞག་པོའི་རྫོང་ལུགས་ (1)
Part of speech མིང་ཚིག
Definition འབྱུང་རྩིས་ཟླ་ཟེར་དུ་བག་མ་ལམ་འཇུག་གི་རྩིས་ཀྱི་སྐབས་སུ་བསྟན་པའི་རྫོང་ལུགས་བཅུའི་ནང་གསེས་ཤིག་སྟེ། བག་མ་སུ་ཞིག་གནས་ལ་འགྲོ་སྐབས་ཀྱི་ཞག་པོ་གང་ཡིན་ལ་གཞིགས་ནས་ཉིན་དེར་རྫོང་རུང་མིན་བརྟགས་ཏེ་རྫོང་བ་ལ་ཟེར་བ་ཡིན། དེར་ཡང་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས་སྔ་མ་ནི་བག་མ་སོ་སོའི་སྐྱེས་ཉིན་ལ་མ་བརྟེན་པའི་སྤྱིའི་རྫོང་ལུགས་ཏེ། ཚེས་ཟླ་གང་གི་ཚེས་གཅིག་ལ་བརྫངས་ན་ཕ་མིང་སྲོག་འཇོམས། ཚེས་གསུམ་དང་བཞི་ལ་བརྫངས་ན་ཨ་མར་ངན། ཚེས་ལྔ་དང་དྲུག་ལ་བརྫངས་ན་བོན་པོའི་ཚེ་ལ་གཟན། ཚེས་བརྒྱད་དང་དགུ་ལ་བརྫངས་ན་འོག་རྟ་འཆི། ཚེས་བཅོ་བརྒྱད་དང་བཅུ་དགུར་བརྫངས་ན་བྲེད་དངངས་འོང་། ཚེས་ཉེར་གཅིག་དང་ཉེར་གཉིས་ལ་བརྫངས་ན་གཞི་མི་འཛིན། ཚེས་ཉེར་བརྒྱད་ལ་བརྫངས་ན་གྱོས་སྒྱུག་མིང་མེད་བྱེད། གནམ་གང་ལ་བརྫངས་ན་གཤིན་ཡུལ་དུ་འགྲོ་བ་ལྟར་ངན། བདུན་གསུམ་བག་མའི་གནམ་སྒོ་ཡིན་པས་ངན་ཞིང་། ཁྱད་པར་དུ་ར་བ་བཞིའི་བདུན་དང་། འབྲིང་པོ་བཞིའི་ཚེས་བཅུ་བདུན། ཐ་ཆུང་བཞིའི་ཚེས་ཉེར་བདུན་བཅས་ངན་པས་ངེས་པར་དུ་སྤང་དགོས། བོད་ཀྱི་འབྱུང་རྩིས་རྣམ་གཞག་དུ་ཚེས་བཅུ་དང་། བཅུ་གཉིས། བཅོ་ལྔ། ཉི་ཤུ་བཅས་ལ་ཡང་བག་མ་གཏོང་ལེན་བྱས་ན་ཅུང་ངན་པར་བཤད་ཡོད། དེ་མིན་སྦྲུལ་གྱི་ཉི་མར་བརྫངས་ན་བུ་གྲིར་འཆི་བས་ངན། རྟ་དང་ཁྱིའི་ཉི་མ། ཉི་མ་ནག་ཆེན་ནག་ཆུང་སོགས་ས་བདག་ངན་པ་རྒྱུ་ཉིན། ཟླ་རེའི་ནང་གི་ཞག་ནག་གཉིས་པོ་བཅས་ཀྱང་ངན་པས་བག་མ་གཏོང་ལེན་བྱེད་པར་འཛེམ་དགོས། ཕྱི་མ་ནི་བག་མ་སོ་སོ་སྐྱེས་པའི་ཉི་མ་ལ་བརྟེན་པའི་བྱེ་བྲག་གི་རྫོང་ལུགས་ཏེ། བྱི་བ་སོགས་ཉི་མ་བཅུ་གཉིས་ལས་གང་ལ་སྐྱེས་པ་ཡིན་ན་ཉི་མ་དེ་རང་ལ་བརྫངས་ན་འཆི་བ་འོང་། སྐྱེས་ཉི་དེའི་བདུན་ཟུར་གྱི་ཉི་མར་བརྫངས་ན་ཚེ་ལ་གཟན། བཞི་གཤེད་དང་མཐུན་གསུམ་སོགས་རྩུབ་རིགས་གཞན་ལ་བརྫངས་ན་ཡང་ངན་པས་རྫོང་མི་རུང་བ་ཡིན། དེ་མིན་བག་མའི་རང་ལོའི་སྲོག་གི་དགྲ་ལོའི་ཉི་མ་དང་། སྲོག་གི་དུར་ཞུགས་ཀྱི་ཉི་མ་གཉིས་ལ་བརྫངས་ན་གཤིན་ཡུལ་དུ་འཁྲིད་ཅེས་ངན་པར་བཤད། དེ་དག་གི་བཅོས་སུ་འགྲོ་དུས་ཀྱི་ཉི་མ་བྱི་བ་སོགས་བཅུ་གཉིས་ལས་གང་ཡིན་ན་དེའི་གཟུགས་བྲིས་པའི་བ་དན་འཛུགས་དགོས། གཞན་ཡང་བག་མའི་སྲོག་སོགས་བཞི་པོ་རེ་རེ་ཡང་རང་མ་བུ་དགྲ་གྲོགས་ལྔར་ཕྱེ་ཞིང་། དེ་དག་གི་དར་གུད་ཀྱི་དབུགས་སྤྱི་ལྟར་བླངས་ཏེ་འགྲོ་ཉིན་གྱི་སྟེང་དུ་གཏུགས་པ་ལས་བསྟན་པའི་ཞག་གི་རྫོངས་ལུགས་ནི། འབྱུང་རྩིས་ཨུཏྤལ་སྔོན་པོ་ལས། གཞན་ཡང་སྲོག་ལ་ཤི་དུར་ནི། །ཞུགས་པའི་ཉི་མ་བག་མར་ངན། །སྲོག་གི་གྲོགས་ལ་ཤི་དུར་ཞུགས། །གྱོས་སྒྱུག་ལ་ངན་རང་ལ་བཟང་། །ལུས་ལ་ན་ཤི་དུར་གསུམ་ཞུགས། །དེ་བཞིན་ལུས་ཀྱི་མ་དང་གྲོགས། །ན་ཤི་དུར་གསུམ་ཞུགས་པའི་ཉིན། །ནོར་སྐལ་ཆུང་ཞིང་ལུས་ཀྱི་བུར། །ན་ཤི་དུར་ཞུགས་མི་སྟོང་འབབ། །དགྲ་ལ་ངན་གསུམ་མི་ཁ་འོང་། །དབང་ཀླུང་མ་དང་གྲོགས་ལའང་། །ན་ཤི་དུར་ཞུགས་ནད་སྣ་ཟ། །དགྲ་དང་གྲོགས་དུར་ཉི་མ་བཟང་། །ཞེས་གསུངས།
Domain རྩིས་རིག

{{#arraymap:ཞག་པོའི་རྫོང་ལུགས་

|; |@@@ | | }}