60150

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ (1)
Part of speech མིང་ཚིག
Definition འགྲོ་བའི་མགོན་པོ་ཞང་གཡུ་བྲག་པ་མཆོག་ནི། ལྷ་ས་སྐྱིད་ཤོད་ཚ་བ་གྲུར། ཡབ་སྔགས་རིགས་རྡོ་རྗེ་སེམས་དཔའ་དང་། ཡུམ་མང་སྐྱིད་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཡོས་ ༡༡༢༣ ལོར་འཁྲུངས། ཆོས་ཀྱི་བག་ཆགས་བཟང་། བྱེའུ་སྟོན་པ་ལ་སྡུད་པ། གཤེན་ལ་མཚན་བརྗོད། རྔོག་མདོ་སྡེ་ལ་དགྱེས་རྡོར། གུར། མཱ་ཡ། གསང་ལྡན། སམྦུ། ལོ་ཙཱ་ལ་མངོན་པ་དང་ཚད་མ་བསླབས། བཅོ་བརྒྱད་ལ་ཕ་ཚན་གྱིས་བརྙས་པ་བྱུང་བས་མཐུས་ཚར་བཅད། ཁམས་སུ་བྱོན། ཉི་ཤུ་རྩ་བཞི་ལ། མནལ་ལམ་གྱི་རྟགས་ལ་བརྟེན་ནས་མཐུ་མཛད་འཕྲོའི་བཅའ་གཞི་བཤིག། ཉེར་དྲུག་ལ་དཀོན་བརྩེགས་གཟིགས་པས་དད་པ་འཁྲུངས། མཁར་སྒོ་བའི་མདུན་ནས་བསྙེན་པར་རྫོགས། མཚན་བརྩོན་འགྲུས་གྲགས་པར་གསོལ། རྒྭ་ལོ་སོག་ཡུལ་ཏུ་ཕེབས་པ་དང་མཇལ་ཏེ་གདམས་ངག་གསན། སོ་གསུམ་ལ་སློབ་དཔོན་སྒོམ་པ་ལྷ་སར་ཞིག་གསོས་མཛད་པའི་ཚེ་མཇལ། ལྷན་ཅིག་སྐྱེས་སྦྱོར་གནང་ནས་བསྒོམས་པས། ཡིད་ཆེས་པས་མོས་གུས་ཀྱང་སྔར་དང་མི་འདྲ་བ་ཞིག་བྱུང་། དེ་ནས་སྔར་རླུང་རྩོལ་བྱེད་པ་དེ་གོམས་པའི་ཤུགས་ཀྱིས་སེམས་མ་བཅོས་པར་འཇོག་པ་འདི་ལ་རླུང་རྩོལ་མ་བྱས་ན་མ་བདེ་བ་བྱུང་ནས་ཞུས་པས། དེ་ལེགས་ཀྱི་གསུངས། རླུང་སྐྱེ་མེད་ཀྱི་གདམས་པ་གནང་། རླུང་དང་ཕྱག་རྒྱ་ཆེན་པོ་གཅིག་ཏུ་འདྲེས། དེ་ནས་ཟླ་བ་ཕྱེད་ལོན་ཙ་ན་རྟོགས་པ་ནི་མ་འགྱུར། སྔར་གྱི་རྟོགས་པ་དང་འདྲ་བའི་ཉམས་མྱོང་རྣམས་མི་འདུག་ནས། ལམ་རྟོགས་པའང་འགྲིབ་པའམ་སྙམ་པ་བྱུང་ནས་ཞུས་པས། རྟོགས་པ་ཤིང་འདྲ། ཉམས་མྱོང་སྤྲེའུ་འདྲ་བ་ཡིན་པས་ཅང་མི་སྟོ་གསུངས། ཐབས་ལམ་མ་བཅུན་པའི་ཕྱག་རྒྱ་ཆེན་པོ་བསྐྱངས་པ་རྟོགས་པ་མཐོ་མཐོ་བྱས་ཀྱང་ཉམས་མྱོང་གི་རྩལ་མེད་པར་ས་གཅིག་པུར་རྡུགས་ནས་སྡོད་པར་འདུག་པས། འབྲོང་བུ་ལྐུགས་པར་གཅིག་པུར་བཞུགས་ཏེ། ཐབས་ལམ་སྐྱེ་མེད་བསྒོམས་ཏེ་ཉམས་མྱོང་འུར་གྱིས་འཕེལ། རྟོགས་པ་དང་ཉམས་མྱོང་འདྲེས། བླ་མ་འོལ་ཁ་བ་དང་མཇལ་ནས་བྱང་ཆུབ་སེམས་ལ་བོགས་ཐོན། རེ་ལྔ་པ་མེ་ལུག་ལོར་ཚལ་གུང་ཐང་གཙུག་ལག་ཁང་དབུ་རྩེ་གློ་འབུར་ཁྱམས་རར་ལྷ་ཆེན་དཔལ་འབར་བཞེངས། གཞན་ཕན་རླབས་ཆེན་གྱི་སྤྱོད་པས་འཁྲུག་པ་མང་པོ་མཛད། གནས་བདུན་དུ་སྐུའི་འགྱུར་བ་བདུན་བསྟན་ནས་མཚན་བདུན་ཐོགས། སྐལ་ལྡན་རྣམས་བྱང་ཆུབ་ཀྱི་མྱུར་ལམ་ལ་བཀོད། ཆོས་སྐྱོང་བྱ་རོག་མས་ཅི་བསྒོ་བ་སྒྲུབ་པ་ཡིན་ཞེས་གྲགས། སྐུ་འབུམ་བཞེངས། དགུང་ལོ་དོན་གཅིག་པ་ཆུ་གླང་ ༡༡༩༣ ལོའི་ཟླ་བ་ལྔ་པའི་ཚེས་བཅུ་ལ་གཤེགས། དེའི་དངོས་ཀྱི་གདན་ས་མཉམ་མེད་ཤཱཀྱ་ཡེ་ཤེས་ཀྱིས་མཛད། སློབ་མའི་གཙོ་བོ་ནམ་མཁའ་འོད། ཉི་མ་འོད། འདུལ་བ་འོད། ཤཱཀྱ་འོད། མར་པ་འོད་ལ་སོགས་པ་བསྟན་པ་ལ་བྱ་བ་བྱེད་པའི་སྐྱེས་བུ་རིམ་པར་བྱོན་པས་ཚལ་པ་བཀའ་རྒྱུད་ཀྱི་ཆོས་དང་སྲིད་ཀྱིི་རིང་ལུགས་བཟང་པོས་བོད་ཡུལ་ལ་ཁྱབ་པ་བྱུང་ངོ་། །

{{#arraymap:ཞང་ཚལ་པ་བརྩོན་འགྲུས་གྲགས་པ་

|; |@@@ | | }}