60233

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞབས་དྲུང་ངག་དབང་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཡབ་མི་ཕམ་བསྟན་པའི་ཉི་མ་དང༌། ཡུམ་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ཤིང་རྟ་ ༡༥༩༤ ལོར་སྐུ་འཁྲུངས། གཞོན་ནུ་ནས་སྐྱེས་སྦྱང་གི་བག་ཆགས་སད། དགུང་ལོ་བརྒྱད་ལ་མི་ཕམ་ཆོས་རྒྱལ་གྱི་སྤྱན་སྔར་གཙུག་ཕུད་ཕུལ་ཏེ། དགེ་བསྙེན་བཞེས། མཚན་ངག་གི་དབང་པོ་རྣམ་པར་རྒྱལ་བའི་སྡེར་གསོལ། དེ་ནས་བཟུང་ཡབ་མེས་གཉིས་དང༌། མཁས་གྲུབ་ལྷ་དབང་བློ་གྲོས། རྗེ་སྤྲུལ་སྐུ་པད་དཀར་དབང་པོ། ཀོང་པོ་རིག་འཛིན་སྙིང་པོ་སོགས་ཡོངས་འཛིན་མང་དུ་བསྙེན་ཏེ། གསར་རྙིང་གི་ཆོས་ཚུལ་རབ་འབྱམས་མཐའ་དག་གསན། བཅུ་གསུམ་པར་གདན་ས་ར་ལུང་དུ་ཁྲིར་མངའ་གསོལ་མཛད། དཔལ་འབྲུག་པ་ངག་དབང་བསྟན་འཛིན་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་སྡེ་ཞེས་མཚན་བསྟོད་ཞུས། ཀུན་མཁྱེན་པད་དཀར་གྱི་སྤྲུལ་སྐུ་ཡིན་གསུངས་པས། རྒྱལ་བ་དཔག་བསམ་དབང་པོ་གཉིས་ཐ་དད་དུ་གྱུར་པར་བརྟེན། གདན་ས་གཞུང་དང་ཕན་ཚུན་འཁོན་སེལ་ཆེན་པོར་སོང༌། སྡེ་སྲིད་གཙང་པས་ཁྲིམས་ལུགས་ཕྱོགས་ཕུལ་དུ་གྱུར་པར་ཐུགས་ཁྲོས་ཏེ། ཉེར་གསུམ་མེ་འབྲུག་ ༡༦༡༦ ལོར། ཁ་བཞི་ལྷོའི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང༌། ཉེར་བདུན་ལ་ལྕགས་རི་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བཞེངས་ཤིང༌། སུམ་ཅུ་ནས་ལྕགས་རིའི་ཡང་དབེན་དུ་བཅུད་ལེན་དང་། འདག་སྦྱར་ལོ་གསུམ་བཞུགས། རྟགས་བཅུ་ཡོན་ཏན་བརྒྱད་སོགས་ཀྱི་རྟོགས་གྲོལ་བརྙེས། ཆོས་སྐྱོང་དམ་ཅན་རྣམས་བྲན་དུ་འཁོལ་ཅིང༌། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མངའ་བརྙེས་པས། མཚན་མཐུ་ཆེན་ངག་དབང་བདུད་འཇོམས་རྡོ་རྗེར་གྲགས། སོ་དྲུག་ལ་ཐེད་ཐིམ་གྱི་ཡུལ་དབུས་སུ་གསང་སྔགས་ཟབ་དོན་ཕོ་བྲང་བཞེངས། བཞི་བཅུ་ལ་ལྕགས་རིའི་གདན་སར་ཡོངས་འཛིན་ལྷ་དབང་བློ་གྲོས་ཀྱི་དྲུང་དུ་བསྙེན་པར་རྫོགས། ཞེ་བཞི་པ་མེ་གླང་ ༡༦༣༧ ལོར་དཔལ་སྤུངས་ཐང་བདེ་བ་ཆེན་པོའི་གནྡྷོ་ལ་ཕྱག་བཏབ་ཅིང༌། ལུགས་གཉིས་གསེར་གྱི་འཁོར་ལོའི་ཁྲིམས་དབང་བཟུང༌ནས། ཞེ་ལྔ་ལ་དབང་འདུས་ཆོས་ཀྱི་ཕོ་བྲང་བཞེངས་པས་མཚོན་གཙུག་ལག་ཁང་དང༌། གནས། རྫོང་ཆོས་སྡེ་མང་དུ་བཏབ་ཅིང༌། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་དུ་མ་བཙུགས། མདོ་སྔགས་རིག་གནས་དང་བཅས་པའི་སྤྱི་བྱེ་བྲག་གི་བསྟན་པ་རྒྱས་པར་མཛད། ཆོས་སྲིད་གཉིས་ལྡན་གྱི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཅེས། འཛམ་གླིང་ཡོངས་ལ་གྲགས་པ་འདི་བྱུང༌། བསྙེན་པར་མ་རྫོགས་པའི་གོང་དུ་སྐུའི་སྲས་འཇམ་དཔལ་རྡོ་རྗེ་ཞེས་པ་ཞིག་འཁྲུངས་ཀྱང༌། སྤྲུལ་བརྒྱུད་ལས་གདུང་རྒྱུད་མ་འཕེལ། ང་བརྒྱད་པ་ལྕགས་ཡོས་ ༡༦༥༡ ལོའི་བོད་ཟླ་གསུམ་པའི་ཚེས་བཅུའི་ཉིན་གཟུགས་སྐུ་བསྡུས། སློབ་མ་ནི། མཁན་ཆེན་པད་དཀར་འབྱུང་གནས་སོགས་བརྒྱུད་འཛིན་བཞི་དང༌། དྲུང་དམ་ཆོས་རྒྱལ་མཚན། མཁན་བསོད་ནམས་འོད་ཟེར། ཤཱཀྱ་འོད་ཟེར། ཕྲིན་ལས་འབྲུག་རྒྱལ་ཏེ། རིང་ལུགས་འཛིན་པ་བཞི་དང༌། ཐུགས་སྲས་གཙོ་བོ་རྒྱལ་སྲས་ངག་དབང་བསྟན་འཛིན་རབ་རྒྱས། གཞན་ཡང་འགྲོ་ཕན་ནུས་པའི་སྤྲུལ་སྐུ་ཕྲིན་ལས་དཔལ་འབར་དང༌། སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་ཏེ། སྤྲུལ་སྐུ་རྣམ་གཉིས། གྲུབ་ཆེན་ངག་དབང་བསམ་གཏན་ལ་སོགས་པ་དབང་ཆོས་འབྲེལ་བའི་ཞལ་སློབ། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་མང་དུ་བྱོན་པའོ། །

{{#arraymap:ཞབས་དྲུང་ངག་དབང་རྣམ་རྒྱལ་

|; |@@@ | | }}

ཞབས་དྲུང་ངག་དབང་རྣམ་རྒྱལ་ (2)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་ཉི་ཤུ་པ། ལྕགས་མོ་ལུག་ཕྱི་ལོ་ ༡༥༧༡ ལོར་ལྷུན་གྲུབ་རྫོང་དུ་ཡབ་གྭ་ཟིའི་ཀུན་དགའ་རྒྱ་མཚོ་དང་ཡུམ་སྐྱུ་ར་སྨོན་ལམ་ཕུན་ཚོགས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་དྲུག་སྟེང་སྟག་ལུང་དུ་ཕེབས་ཤིང་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་དྲུང་ནས་རབ་ཏུ་བྱུང་བར་མཛད་པའི་མཚན་ལ་ངག་དབང་རྣམ་རྒྱལ་ཀུན་དགའ་རིན་ཆེན་དཔལ་བཟང་པོ་ཞེས་གསོལ། དགུང་གྲངས་བཅོ་ལྔའི་སྟེང་གདན་སའི་ཁྲི་ལ་ཕེབས། གདན་ས་ལོ་སོ་གཅིག་བསྐྱངས་ཤིང་། སྟག་ལུང་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་གླིང་གསར་དུ་བཏབ། ཉིད་ཀྱི་སློབ་མ་ཆོས་མཛད་ངག་ཤེས་རབ་ལྗང་རྒྱལ་པོའི་དབུ་བླ་བཏང་ནས་ཟངས་སྒྲུབ་ཆོས་སྡེ་ཕྱག་བཏབ་མཛད། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དཔག་མེད་བཞེངས་སྐྲུན་དང་། སྡེ་འཁྲུགས་འདུམ་ཆིངས་སོགས་འགྲོ་དོན་རྒྱ་ཆེར་བསྐྱངས། གཙང་དམག་གིས་སེར་འབྲས་གཏོར་བཅོམ་སྐབས། གཙང་པས་གནས་དབྱུང་བཏང་པའི་སེར་འབྲས་ཀྱི་གྲྭ་པ་སྟོང་ལྔ་ཙམ་མདོ་སྨད་ཕྱོགས་སུ་བྲོས་འགྲོ་བ་རྣམས། རྗེ་འདིས་སྟག་ལུང་དུ་ཉར་གནང་གིས་འཚོ་བའི་དགོས་མཁོ་ལེགས་པར་བསྩལ་ཞིང་། གཙང་སྡེ་སྲིད་ཀྱི་དཔོན་མོ་ཁོང་གི་སྐུ་སྲིང་མ་ལ་བརྟེན་གཙང་པ་ལ་ཞུ་ངོ་མཛད་དེ་གྲྭ་པ་རྣམས་ཉེས་མེད་རང་གནས་སུ་ལོག་ཆོག་པར་མཛད། གཙང་སོག་གི་སྡེ་འཁྲུགས་རྣམས་ལན་དུ་མར་བཀའ་དང་སྣང་སྦྱིན་གྱིས་འདུམ་པར་བྱས། དགུང་གྲངས་ཞེ་དྲུག་སྟེང་གདན་ས་དབོན་བཀྲ་ཤིས་དཔལ་གྲུབ་ལ་གཏད་དེ། རྗེ་ཉིད་ཀུན་སྤངས་མཛད་ཅིང་ཆོས་རྫོང་རྣམ་རྒྱལ་རབ་བརྟན་དུ་སྒྲུབ་པ་མཛད། བརྟག་གཉིས་ཊཱིཀ་ཆེན་དང་སྡོམ་གསུམ་རྣམ་བཤད་སོགས་ཀྱིས་མཚོན་གཞུང་འགྲེལ་དང་། དཔལ་ན་རོ་ཆོས་དྲུག་གི་ཁྲིད་ཡིག་དང་དམིགས་རིམ་ཟིན་བྲིས། ཆེན་པོ་གསུམ་གྱིས་མ་རེག་པའི་རྟོགས་པའི་ངེས་སྙད་སོགས་ཀྱིས་མཚོན་ཁྲིད་ཡིག་གི་ཚོགས། ཆོས་བྱུང་ངོ་མཚར་རྒྱ་མཚོ་དང་རྣམ་ཐར་འཕགས་ལམ་སྣང་བ་སོགས་ཀྱིས་མཚོན་ལོ་རྒྱུས་ཀྱི་སྡེ་ཚོགས། སུམ་རྟགས་གཉིས་ཀྱི་ཤོག་ཁྲ་དང་བརྡ་དག་ཐོན་མིའི་དགོངས་རྒྱན་སོགས་བརྡ་སྤྲོད་སྐོར། རྒྱལ་སྲས་འཇུག་ངོགས་ཀྱིས་མཚོན་བློ་སྦྱོང་གི་གདམས་པ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དངོས་གྲུབ་མཐའ་ཡས་ཀྱི་དགའ་སྟོན་སོགས་མདོར་ན་གསུང་འབུམ་པོད་བཅུ་གསུམ་མངའ་ཞིང་། བུ་སློབ་གཙོ་བོར་དབོན་བཀྲིས་དཔལ་གྲུབ་དང་འབྲུག་པ་སྤྲུལ་སྐུ་དཔག་བསམ་དབང་པོ། འབྲུག་མི་ཕམ་བསྟན་པའི་ཉི་མ། རྡོ་རྗེ་གླིང་པ་དང་མང་ཐོས་པད་དཀར་བ། རྟོགས་ལྡན་ལྷ་རྩེ་བ་ངག་དབང་བཟང་པོ། ཏི་ཤྲི་ངག་དབང་ཤེས་རབ། ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོ་སོགས་མཁས་གྲུབ་མང་པོ་བྱོན། མཐར་དགུང་གྲངས་ང་དྲུག་པ་མེ་སྟག་ཕྱི་ལོ་ ༡༦༢༦ སྐུ་གཤེགས།

{{#arraymap:ཞབས་དྲུང་ངག་དབང་རྣམ་རྒྱལ་

|; |@@@ | | }}