6038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གངས་རི་ཀརྨ་ (1)
Part of speech མིང་ཚིག
Definition འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་ནི་སྨར་ཁམས་ཉག་ཏུ་ཕྱི་ལོ་ ༡༩༡༠ ལྕགས་ཁྱི་ཟླ་བའི་ཚེས ༤ ལ་ཡབ་ཨ་མཁྱེན་དང་ཡུམ་ཨ་ལོ་སྒྲོལ་མ་གཉིས་ལས་འཁྲུངས། བྱིས་དུས་སུ་གངས་རི་བུ་ཕྲུག་ཅེས་མཚན་གསོལ། དགུང་ལོ་བཅོ་ལྔ་ལ་རྨི་ལམ་དུ་མཁའ་འགྲོ་མས་འཁོར་བ་ལས་གྲོལ་དགོས་ཚུལ་ལུང་བསྟན་པ་ལྟར་ཀརྨ་གླིང་པའི་དྲུང་དུ་ཕེབས་ནས་ཆོས་འབྲེལ་འགའ་ཞུས་པས་གསང་མཚན་ཀརྨ་རིན་ཆེན་གསོལ་ནས་བྱང་ཀཿ་བཤད་གྲྭར་མངགས། བྱང་ཀཿམཁན་པོ་ཁྲོ་རུ་འཕྲིན་ལས་རྒྱ་མཚོ་སོགས་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་པས་མཚན་ལེགས་བཤད་རྒྱ་མཚོ་གསོལ། མཁན་ཆེན་དེ་ཉིད་ལས་མདོ་གཞུང་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་བྱས་པས་མཁས་པ་གྱུར། སླར་ཀརྨ་གླིང་པའི་དྲུང་དུ་ཕེབས་ནས་སྨར་ཚང་ཕྱག་ཆེན་དང་རྫོགས་ཆེན་གྱི་གདམས་ངག་ཐམས་ཅད་ཐོས་བསམ་སྒོམ་གསུམ་མཛད། ཀརྨ་གླིང་པས་སྨར་ཚང་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་འགྲོ་མགོན་རིན་གྱི་སྐྱེ་སྤྲུལ་རིན་ཆེན་རྒྱལ་མཚན་གྱི་ཡང་སྲིད་ངོས་འཛིན་ནས་རི་ཁྲོད་འགྲིམ་དགོས་ཚུལ་བཀའ་ལུང་ལྟར་སླར་སྨར་ཁམས་སུ་ཕེབས། སྨར་ཚང་གི་སྒོམ་ཆེན་རྣམས་ཀྱི་བཞུགས་གནས་སྲིན་ཆེན་བྲག་ཕུག་ཏུ་སྐུ་ཚེ་ཧྲིལ་པོར་ཁྱིམ་པའི་སྒོར་རུ་འཛུལ་བ་དང་། ཤ་ཟས་དང་ལྤགས་གོས་གྱོན་པ་སོགས་འཇིག་རྟེན་གྱི་སྤྱོད་ལམ་ཡོངས་སུ་སྤོང་རྒྱུའི་དམ་བཅས་ཏེ། སྲིན་ཆེན་བྲག་ཕུག་དང་ཡངས་རི་དགོན་པ། ཨུ་ཀོར་རི། གནས་མགོ་རི་ཁྲོད། རྡོ་ལྷ་རི་ཁྲོད། འདེག་དཔོན་རི་ཁྲོད། དོན་ཤེལ་རི་ཁྲོད། ཁྲ་མ་བྲག་ཕུག་སོགས་ལ་བཅུད་ལེན་གྱི་ཟས་རོལ་ནས་ཞི་བྱེད་ཀྱི་གཅོད་དང་། བཀའ་བརྒྱུད་ཀྱི་རྩ་རླུང་། གཏུམ་མོ། འོད་གསལ། རྨི་ལམ། སྒྱུ་ལུས། འཕོ་བ། བར་དོ་བཅས་ནྰ་རོ་ཆོས་དྲུག་དང་། སྨར་ཚང་ཕྱག་ཆེན་དང་འབྲེལ་བའི་བདེ་མཆོག་ལྷན་སྐྱེས་དང་ཡི་དམ་རྡོ་རྗེ་ཕག་མོ་སོགས་གདམས་ངག་ཟབ་མོ་རྣམས་སྒོམ་སྒྲུབ་བྱས་པས་འཇའ་ལུས་ཀྱི་རྟོགས་པ་བསྐྱེད་དེ། ཐོག་དམར་ཡང་འཁྱེར། །ལུས་གྲུབ་ཐོབ་ཅན། །རྒྱལ་སྲིན་ནམ་མཁའི་མཐུ་དུག་འདུལ། ། རས་ཆུང་ཀརྨའི་དཔའ་དགྲ་ཡིན། །ཞེས་རྟོགས་མགུར་བླངས། རྫོགས་ཆེན་གྱི་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་དང་འབྲེལ་བའི་ཡི་དམ་ཞི་ཁྲོ་སྒོམ་སྒྲུབ་བྱས་པས་རྫོགས་ཆེན་གྱི་ལྟ་བ་རྟོགས། རས་ཆུང་པ་དང་འགྲོ་མགོན་རིན་ཆེན་ནས་བཟུང་རྗེ་འདི་སྐྱེས་ཕྲེང་བཅུ་གཅིག་པ་ཡིན། དུས་འགྱུར་སྐབས་རྒྱ་དམག་གིས་མེ་མདའ་འཕེན་ཡང་མཚོན་གྱི་འཇིགས་པ་དང་བྲལ་ན་ཡང་གདུལ་བྱའི་ལས་འཕྲོ་རྫོགས་པ་དགོངས་ནས་ཕྱི་ལོ ༡༩༥༩ ཟླ་བ ༡ ཚེས ༢༥ ལ་བདེ་བར་གཤེགས། སྐུ་གདུང་སྒྲོན་མེ་ཕུལ་བའི་དུ་བ་རླུང་གིས་འཁྱེར་བའི་ས་ཕྱོགས་ཐམས་ཅད་རིང་བསྲེལ་སྣ་ཚོགས་བབས། སྲས་ཀྱི་ཐུ་བོ་ཆོས་དབྱིངས་རྒྱ་མཚོ། ཆོས་གྲགས་རྒྱ་མཚོ་སོགས་མང་དུ་བྱུང་།