6040

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གངས་རི་པ་བྱ་བཏང་སློབ་དཔོན་ཀུན་བཟང་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི། སྟོད་མངའ་རིས་འབྲི་བྱི་ཞེས་པའི་འབྲོག་སྡེར། རབ་བྱུང་བཅོ་ལྔ་པའི་ས་ལུག ༡༩༡༩ ལོར་སྐུ་འཁྲུངས། ནར་སོན་ནས་ཁྲིད་དཔོན་པདྨ་ཆོས་རྒྱལ་རིགས་བདག་ཏུ་བསྟེན་ནས། འབྲུག་པའི་གདམས་ཟབ་རྒྱ་ཅན་ལྔ་པོས་མཚོན་པའི་ཟབ་ཁྲིད་དང༌། དབང་ལུང་དཔག་མེད་གསན། ཁྲིད་དཔོན་ཞལ་སློབ་བྱམས་པའི་མདུན་ནས་ཀྱང་ཁྲིད་སྦྱོང་མང་པོ་གསན། ནེའུ་སྟེང་སྒྲུབ་སྡེར་ལོ་མང་བཞུགས་ཤིང༌། ཉམས་རྟོགས་ཀྱི་ཡོན་ཏན་འཁྲུངས། དེར་སྒྲུབ་དཔོན་ཡང་མཛད་པས་མཚན་སློབ་དཔོན་གངས་རི་པ་ཞེས་ཞུ་བ་བྱུང༌། ཞེ་གཅིག་ལོར་དུས་འགྱུར་སྐབས་སྒྲུབ་སྡེ་ནས་གློ་བུར་ཐོན་ཏེ། འོལ་ལུང་ཕྱོགས་སུ་བྲག་ཕུག་སོགས་སུ་ཟླ་ཤས་བཞུགས་ཏེ་འབྲས་ལྗོངས་སུ་ཕེབས། ཀ་ལིང་པཱུར་བདུད་འཇོམས་ལས་གཏེར་མཛོད་དབང་ལུང་གསན་གྲུབ་རྗེས། འབྲས་ལྗོངས་སྤྲིན་ཟམ་དགོན་དང་ཉེ་བའི་ས་ཆར། རི་ནག་ཅེས་པའི་ནགས་ཁྲོད་དུ་གཅིག་པུར་བཞུགས་ནས། འཚོ་བ་རྒྱ་གར་དམག་མིའི་ཟ་འཕྲོ་སོགས་མཛད་ནས་བཞུགས་པས། མཛད་སྤྱོད་ལ་ཀུན་དད་པར་གྱུར་ཏེ། དམག་མིས་ཀྱང་གསོལ་ཆས་འབུལ་བ་བྱུང༌། ཕྱིས་སུ་འབུལ་མཁན་ཇེ་མང་བྱུང་ཡང་དཀོར་ལ་དུག་ལྟར་འཛེམས་པར་མཛད། ཀརྨ་པ་བཅུ་དྲུག་པ་ཆེན་པོ་ཡང་ཐུགས་མཉེས་ནས། བསྟོད་བསྔགས་དང་གདན་སར་གདན་ཞུས་མཛད་ནས་འབྲེལ་བ་དམ་ཟབ་གནང༌། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་ལ༸གོང་ས་བཅུ་བཞི་པས་དེང་སང་བཀའ་བརྒྱུད་པ་ལ་ཉམས་ལེན་ཡག་པོ་ཅན་ཡོད་མེད་བཀའ་འདྲི་གནང་བས། སྐྱབས་རྗེ་མཆོག་ནས་ཁོང་གི་ཕྱག་ནས་བཟུང་ཏེ། དེང་དུས་ཀྱི་མི་ལ་རས་པ་འདི་ཡིན་ཞེས་ངོ་སྤྲོད་མཛད་པ་སོགས། སྒྲུབ་ཚུགས་ལ་དེ་དུས་ཙམ་ན་འགྲན་ཟླ་བྲལ། ཕྱིས་འབྲུག་པ་བཅུ་གཉིས་པས་རང་ལུགས་གདམས་པའི་སྨར་ཁྲིད་རྣམས་གསན་ཕྱིར་གདན་ཞུས་ལྟར་སྐྱིད་གཏེར་སྒྲུབ་སྡེར་ཕེབས་ནས། ཟླ་བ་གཅིག་ཙམ་བཞུགས་པའི་རིང༌། རྒྱལ་དབང་མཆོག་ལ་ཕྱག་ཆོས་སོགས་ཀྱི་ཉམས་ཁྲིད་ཕུལ། སྒྲུབ་བླ་རྣམས་ལའང་ཁྲིད་ལུང་འགའ་ཞིག་གནང༌། སྒྲུབ་སྡེའི་སྒྲུབ་དཔོན་མཛད་ནས་བཞུགས་པར་ཞུས་ཀྱང་མ་གནང་བར། སླར་རི་ནག་ཏུ་ཕེབས་ནས་བཞུགས། ཉམས་རྟོགས་ཡོན་ཏན་དཔག་མེད་འཁྲུངས་ཡོད་ངེས་ཀྱང་སྦེད་པ་ལ་དགྱེས། དེ་བཞིན་གར་བབ་ཏུ་ཟབ་ཁྲིད་མི་གནང་བར་བཀའ་ཤིན་ཏུ་དོག འོན་ཀྱང་སྙིང་ནས་དོན་གཉེར་ཆེན་པོས་རི་ནག་ཏུ་བཅར་ནས་ཆོས་ཞུ་མཁན། ཁུ་ནུ་བླ་མ་གུ་རུ་ཇི། ཕྱིས་ཉེ་གནས་མཛད་པའི་སྒྲུབ་བླ་སངས་རྒྱས་དཔལ་བཟང༌། སྙེ་ཤང་བླ་མ་ཤེས་རབ་རྒྱལ་མཚན། མཁན་འཇིགས་མེད་རྡོ་རྗེ། ཚུལ་ཁྲིམས་ལགས། དྲུང་སྤེན་པ་བླ་མ་སོགས་འགའ་ཙམ་ལ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་དངོས་གཞིའི་ཁྲིད་རིམ་ཆ་ཚང་ངོ་སྤྲོད་དང་བཅས་པ་བསྩལ། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཞིན། འདོད་ཆུང་ཆོག་ཤེས་ངང་ཚེ་དང་སྒྲུབ་པ་མཉམ་པར་མཛད་དེ། དགུང་གྲངས་དོན་གཉིས་པ་ལྕགས་རྟ ༡༩༩༠ ལོའི་བོད་ཟླ་དྲུག་པའི་གནམ་གང་ཉིན་ཞི་བར་གཤེགས་སོ། །དགོངས་རྫོགས་མཆོད་འབུལ་ཆེད་དུའང་རྒྱལ་དབང་འབྲུག་པ་བཅུ་གཉིས་པ་ཆེད་ཕེབས་མཛད། སྐུ་གདུང་ལས་རིང་བསྲེལ་ཡང་ཕེབས་པ་བྱུང་ངོ༌། །

{{#arraymap:གངས་རི་པ་བྱ་བཏང་སློབ་དཔོན་ཀུན་བཟང་རྡོ་རྗེ་

|; |@@@ | | }}