60461

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་གནས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས་ནི། ཤིན་སྦྱངས་ཀྱིས་ཟིན་པའི་སྒོ་ནས་རང་གི་དམིགས་པ་ལ་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་ཏིང་ངེ་འཛིན། ཞི་གནས་ཀྱི་མཚན་ཉིད། ཅེས་གསུངས། འདི་ནི་ཕྱི་ནང་གཉིས་ཀའི་རྒྱུད་ལ་ཡོད་པའི་ལམ་ཐུན་མོང་བ་ཞིག་ཡིན། རྒྱས་པར་ནི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལས་གསལ་བས་དེར་གཟིགས་དགོས།
Domain ཆོས་ལུགས།

{{#arraymap:ཞི་གནས་

|; |@@@ | | }}

ཞི་གནས་ (2)
Part of speech མིང་ཚིག
Definition ཞི་གནས་ཀྱི་ངོ་བོ་ནི་གང་ལ་དམིགས་པར་འདོད་པའི་ཡུལ་ལས་སེམས་གཞན་དུ་མི་གཡེང་བར་རྒྱུན་ཆགས་སུ་འཇུག་པའོ། །སྒྲ་དོན་ནི། རྣམ་པར་གཡེང་བ་ཞི་ནས་དམིགས་པ་ལ་རྒྱུན་ཆགས་སུ་གནས་པ་ལ་དེ་སྐད་ཅེས་བརྗོད་དོ། །འདིར་སྒྲུབ་པའི་ཐབས་ཀྱི་རབ་ཏུ་དབྱེ་བ་ལྔ་གསུངས་པ་ནི་གང་ཟག་གི་རིགས་ཀྱི་དབྱེ་བས་ལྔར་རྣམ་པར་གཞག་པ་ཡིན་ཏེ། ཉོན་མོངས་པ་སྤྱིའི་གཉེན་པོའི་དབང་དུ་བྱས་ནས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒྲུབ་པ་དང་། ཉོན་མོངས་པའི་རླུང་གི་རྟོག་པ་ཞི་བའི་དབང་དུ་མཛད་དེ་དབུགས་འབྱུང་རྔུབ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང་། འདོད་ཆགས་ཞི་བའི་དོན་དུ་མི་སྡུག་པའི་ཏིང་ངེ་འཛིན་དང་། ང་རྒྱལ་ཞི་བའི་ཆེད་དུ་ཁམས་ཀྱི་རབ་དབྱེ་ལ་དམིགས་པ་དང་། ཞེ་སྡང་ཞི་བའི་དོན་དུ་བྱམས་པ་སོགས་ཚད་མེད་པ་ལ་དམིགས་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང་ལྔའོ། །ཡང་ན་ཁམས་འོག་མ་ལས་འདའ་བའི་དོན་དུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་སྒོམ་པ་ན། དེ་མཐར་ཕྱིན་པའི་གེགས་ཞི་གནས་ཀྱི་མི་མཐུན་ཕྱོགས་སོ་སོར་བསལ་བ་ལ་ལྟོས་ནས་ལྔར་གསུངས་ལ། མཉམ་པར་འཇོག་པ་ན་བྱིང་བར་གྱུར་པ་དེའི་ཚེ་མཆོག་ཏུ་དགའ་བའི་དངོས་པོ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཡིད་ལ་བྱེད་པའི་བྱིང་བ་སེལ་བའི་དབང་དུ་མཛད་དེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དམིགས་ཏེ་ཞི་གནས་སྒོམ་པར་གསུངས་ལ། གལ་ཏེ་ཡིད་དུ་འོང་བའི་ཡུལ་ལ་སེམས་རྒོད་པར་འགྱུར་པའི་ཚེ་དེའི་གཉེན་པོར་མི་སྡུག་པའི་ཏིང་ངེ་འཛིན་དང་། ཡིད་དུ་མི་འོང་བའི་ཡུལ་ལ་ཞེ་སྡང་སྐྱེས་ཏེ་སེམས་རྒོད་པར་གྱུར་པ་དེའེི་ཚེ་བྱམས་སོགས་ཏིང་ངེ་འཛིན་བསྒོམ་པ་དང་། ང་རྒྱལ་གྱིས་ཡུལ་སེམས་རྒོད་པར་གྱུར་པ་དེའི་ཚེ་ཁམས་ཀྱི་རབ་ཏུ་དབྱེ་བའི་ཏིང་ངེ་འཛིན་དང་། སེམས་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་ལ་འཕྲོས་ཏེ་རྟ་རྒོད་ལྟར་འདུལ་དཀའ་བར་མཐོང་བ་དེའི་ཚེ་དབུགས་འབྱུང་རྔུབ་ལ་དམིགས་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ་ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་མ་རིགས་ཚོགས་དཀའ་གནད་ལས་གསུངས་སོ། ། ཞི་གནས་ཀྱི་ངོ་བོ་ནི། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གང་ཡིན་ཀྱང་རུང་སྟེ། དེ་ལ་རྩེ་གཅིག་ཏུ་གནས་པའི་གསལ་ཆ་དང། དེ་ལས་གཞན་གང་དུ་ཡང་ཡིད་ལ་མི་བྱེད་པའི་གནས་ཆ་མ་འགག་པ་ཞིག་ཡིན་ནོ་ཞེས་པཎ་ཆེན་ཤཱཀྱ་མཆོག་གིས་སྒོམ་རིམ་འཁྲུལ་སྤོང་དབྱངས་ཀྱི་རྔ་སྒྲ་ལས་གསུངས་སོ། །

{{#arraymap:ཞི་གནས་

|; |@@@ | | }}

ཞི་གནས་ (3)
Part of speech མིང་ཚིག
Definition རང་གི་བདག་རྐྱེན་དུ་གྱུར་པའི་སེམས་གནས་པའི་ཐབས་དགུ་ལ་བརྟེན་ཞིང༌། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་གྱིས་ཟིན་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའི་རིགས་སུ་གནས་པའི་རིག་པ། ཞི་གནས་ཀྱི་མཚན་ཉིད། དབྱེ་ན། ཇི་ལྟ་བ་ལ་དམིགས་པའི་ཞི་གནས་དང༌། ཇི་སྙེད་པ་ལ་དམིགས་པའི་ཞི་གནས་གཉིས། ས་མཚམས་ནི། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དེ། ཇི་སྙེད་པ་ལ་དམིགས་པའི་ཞི་ལྷག་ཕྱི་རོལ་པ་རྣམས་ཀྱི་རྒྱུད་ལ་ཡང་ཡོད་པའི་ཕྱིར་ཏེ། བསམ་གཏན་དང་པོའི་མོས་པ་ལས་བྱུང་བའི་ཡིད་བྱེད་ཀྱི་ཉེར་བསྡོགས་ཐོབ་ན་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་ཐོབ་པས་ཁྱབ་པའི་ཕྱིར། ཇི་ལྟ་བ་ལ་དམིགས་པའི་ཞི་གནས་ཚོགས་ལམ་ན་ཡོད་ཅིང༌། ལྷག་མཐོང་ནི་སྦྱོར་ལམ་ཡན་ཆད་ཁོ་ནར་ཡོད་ལ།

{{#arraymap:ཞི་གནས་

|; |@@@ | | }}