60738
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དྲུག་པའི་མགོར་གཙང་ཕྱོགས་སུ་འཁྲུངས། འཚོ་རྟེན་ཞིང་གཅིག་དང། སྡོད་ཡུལ་ཤག་གཅིག་ལས་མེད་པས་ཞིང་ཤག་པ་གྲགས། རིན་སྤུངས་པའི་གཉེན་ཚན་དུ་གཏོགས། རིན་སྤུངས་པ་དང༌། སྣེ་གདོང་པ་གཉིས་ཀའི་ཞབས་འབྲིང་ཁོངས་སུ་བསྡད་དེ་རྐང་པ་ཉིས་འཛུགས་ལྟ་བུ་བྱེད། ཐོག་མར་རིན་སྤུངས་སྡེ་སྲིད་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་ཆིབས་དཔོན་དང༌། རིམ་པས་ལས་ཚན་དུ་ཤངས་དང་མྱང་སྨད་ཁུལ་གྱི་ཡོང་སྡུད་པ་བྱས། ས་སྤྲེ་ཕྱི་ལོ ༡༥༤༨ ལོར་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་བྱུང༌། མེ་སྦྲུལ་ཕྱི་ལོ ༡༥༥༧ ལོར་ཤངས་དོན་རབ་པའི་ས་སྡེའི་སྐོར་རིན་སྤུངས་པ་དང༌། བསམ་གྲུབ་རྩེ་པ་གཉིས་དཔུང་གི་བྱ་བ་བརྩམས་པའི་སྐབས་འབྲུག་ཀུན་མཁྱེན་པདྨ་དཀར་པོས་སེལ་དོན་དུ་ཕེབས་ཏེ་དོན་རབ་པ་སྲོག་ལས་བསྐྱབས་ཤིང༌། སྐུ་མདུན་ཞིང་ལ་རྩིས་འབུལ་ཞུས། དེའི་དུས་ནས་སྐུ་མདུན་ཞིང་ཞེས་འབོད། ཤིང་གླང་ཕྱི་ལོ ༡༥༦༥ ལོར་དམག་དཔོན་བྱས་ཏེ་པ་རྣམ་ལྷུན་གྲུབ་ཁྱུང་རྩེ་དང༌། རྫོང་གསར་ཕག་མོ་རི་རྣམས་བླངས། ལྷུན་གྲུབ་རྩེ་སང་ཤོར་གནངས་ཤོར་དང༌། མྱང་སྟོད་པ་རྣམས་སུའི་ཕྱོགས་འགྲོ་བློས་མ་མཐོང་བའི་ཁར། རིན་སྤུངས་རང་ལའང་ཉེན་འགན་ཆེ་བའི་སྐབས་སུ། རིན་སྤུངས་པས་ཀུན་མཁྱེན་པད་དཀར་གདན་ཞུས་ཀྱིས་དཔོན་གཡོག་དབར་དན་འཁེལ་མཛད་པས་རེ་ཞིག་སྡེ་གཟར་བསྙལ་ན་ཡང༌། སླར་མེ་སྟག་ཕྱི་ལོ ༡༥༦༦ ལོར་གཙང་རིན་གཉིས་མྱང་སྟོད་སྨད་དུ་དམག་འཁྲུགས་པར་སླར་ཡང་ཀུན་མཁྱེན་པད་དཀར་ཕེབས་ཏེ་ཕན་ཚུན་འགྲིགས་ཙམ་བྱུང་། བྱང་བདག་པ་ནམ་མཁའ་རིན་ཆེན་གྱི་སྲས་ནམ་མཁའ་རྒྱལ་མཚན་དང༌། བཀྲ་ཤིས་སྟོབས་རྒྱལ་གཉིས་སྐུ་མཆེད་མ་འཆམ་པར་ཞིང་ཤག་པའི་བུ་ལྷ་དབང་རྡོ་རྗེས་ནམ་མཁའ་རྒྱལ་མཚན་གྱི་རྒྱབ་བྱས། སྐུ་མདུན་ཞིང་ནས་རིག་འཛིན་བཀྲ་ཤིས་སྟོབས་རྒྱལ་རང་གི་སྒེར་གཞིས་སུ་བཞུགས་མ་ཆོག་པར་དབུས་ཕྱོགས་སུ་རྒྱང་ཕུད་བཏང་། སྐུ་མདུན་ཞིང་ནས། སྟོབས་ཞེས་བྱ་བའི་སྟོབས་མེད་འཁྱམ་པོ་ཁྱོད། །ཁོ་བོས་པྲེ་ཏ་པུ་རིའི་འགྲམ་དུ་བསྐྲད། །ཅེས་པ་རིག་འཛིན་ཆེན་པོ་བཀྲ་ཤིས་སྟོབས་རྒྱལ་ཕོག་ཏེ། ཁྱབ་འཇུག་གཟའི་སྤུ་གྲི་སོགས་དྲག་སྔགས་ཀྱི་ལས་སྦྱོར་མཛད་པ་སྐུ་མདུན་ཞིང་ཁྱབ་འཇུག་གཟའི་གཟེར་ཁས་གྲོངས། རིག་འཛིན་ཆེན་པོས། ཞིང་ཞེས་བྱ་བའི་ཞིང་བཅུ་ཚང་བ་ཁྱོད། །ཁོ་བོས་ར་ཧུ་ལ་ཡི་ཞལ་དུ་བཏབ། །སོགས་གསུངས། མཚན་གཞན། སྐུ་མདུན་ཞིང་། ཞིང་ཤག་པ། |