6081
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་མདོ་སྨད་གཅན་ཚའི་རི་བཟང་རྩར་སྔགས་རྒྱུད་བཟང་བ་ཞིག་ཏུ་སྐུ་འཁྲུངས། གཞོན་དུས་ནས་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས། བསྡུས་གཞུང་ནས་བཟུང་གཞུང་ཆེན་རྣམས་ལ་སྦྱངས། དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དུ་ཞུགས། ཁྲི་ཆེན་ངག་དབང་སྙན་གྲགས་སོགས་བསྟེན། གཞུང་ཆེན་བཀའ་པོད་ལྔ་ལ་དཔྱིས་ཕྱིན་པ་སྦྱངས། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དགོན་བྱ་ཁྱུང་དུ་ཕྱིར་བྱོན། བྱ་ཁྱུང་དགོན་གྱི་རྒྱུད་པའི་སློབ་དཔོན་མཛད། བརྒྱད་སྟོང་བའི་བཤད་ལུང་སོགས་དཀའ་ཆེན་ཡོངས་འཛིན་གྱི་གསུང་རྒྱུན་ལྟར་གནང་། རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་ཕྱི་ལོ་ ༡༨༠༢ ལོར་བྱ་ཁྱུང་དགོན་གྱི་མཁན་ཁྲིར་བཞུགས། གདན་ས་ལོ་གཅིག་རིང་བསྐྱངས། ཁྲི་ཟུར་རྗེས་ཀྱང་དད་ལྡན་སློབ་མ་མང་པོར་ལམ་རིམ་ཆེན་མོའི་བཤད་ལུང་དང་། འཇམ་དཔལ་ཞལ་ལུང་། ལམ་གཙོའི་ཁྲིད་སོགས་ཆོས་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་གྱ་གྲངས་ནང་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བཞི་བཅུ་ཞེ་བརྒྱད་པ་ཡིན། |