6083

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཅན་ལྔའི་ཁྲི་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གཅན་ལྔ་ནི་སེང་གེ་དང་། གླང་ཆེན། རྟ། ཁྱུང་ཆེན། འབྲུག་དང་ལྔ་ལ་ཟེར་ཞིང་ཁྲི་ཞེས་པ་ནི་དེ་ལྔ་སྤངས་རྟོགས་མངོན་འབྱོར་གྱི་སྐྱེས་བུའམ་ཡི་དམ་ལྷ་ཡི་གདན་ཁྲི་མཛད་པའི་དོན་ཡིན། དེའི་གོ་དོན་ནི། སེམས་ཅན་དེ་ལྔ་ཉོན་མོངས་དུག་ལྔ་ཤས་ཆེ་བས་དུག་ལྔའི་བརྡ་རུ་མཚོན་པ་སྟེ། དེ་ཡང་གསང་འདུས་དོན་རྒྱུད་ལྟར་ན། སེང་གེ་ཞེ་སྡང་། གླང་པོ་གཏི་མུག རྟ་མཆོག་ང་རྒྱལ། ཁྱུང་ཆེན་ཕྲག་དོག འབྲུག་འདོད་ཆགས་སུ་མཚོན་པར་བཤད་ལ། ཡོངས་གྲགས་སུ་སེང་གེ་ཞེ་སྡང་། གླང་ཆེན་གཏི་མུག རྟ་ཕྲག་དོག འབྲུག་ང་རྒྱལ། ཁྱུང་ཆེན་འདོད་ཆགས་བཅས་ཀྱི་བརྡ་རུ་བཤད། དེ་ཡང་སྤངས་རྟོགས་མངོན་གྱུར་གྱི་སྐྱེས་བུའམ་ཡེ་ཤེས་ལྷ་ཡིས་ཉོན་མོངས་དུག་ལྔ་ཐུལ་པའམ་ཟིལ་གྱིས་མནན་པའི་བརྡ་རུ་སེམས་ཅན་དེ་ལྔ་གདན་ཁྲི་རུ་བཀོད་སྲོལ་ཡོད་དོ། །དེ་དག་ལ་ཡང་གཅན་ཞེས་བྱ་བའི་དོན་ཅི་ཡིན་སྙམ་ན། སྤྱིར་གཅན་ཞེས་པའི་ཐ་སྙད་ཀྱི་འཇུག་དོན་ནི། མི་མཐུན་ཕྱོགས་སམ་ལོག་ཕྱོགས་སམ་གནོད་ཕྱོགས་ལྟ་བུ་ལ་འཇུག་སྟེ། གཏུམ་དྲག་ཅན་སྟག་གཟིགས་དོམ་དྲེད་སོགས་ཀྱིས་རི་གཡུང་ལ་སོགས་ཀྱི་ཤ་ཁྲག་ལ་རྔམ་ཞིང་དེ་དག་གི་ཚེ་སྲོག་གི་གཤེད་མའམ་དེའི་མི་མཐུན་གནོད་ཕྱོགས་སུ་གྱུར་ཕྱིར་དེ་དག་ལ་གཅན་ཞེས་བྱ་བའམ་ཤ་ཁྲག་ལ་རོལ་བས་གཅན་གཟན་ཞེས་བྱ་ལ།
Example ཇི་སྐད་དུ། ཉ་གཅན་སྲམ། བྱིའུ་གཅན་ཁྲ་སོགས་གྲགས་པས། སྲམ་དང་ཁྲ་ནི་ཉ་དང་བྱིའུའི་མི་མཐུན་ཕྱོགས་སམ་གནོད་ཕྱོགས་ཡིན་པས་དེའི་གཅན་ཞེས་བརྗོད་པ་ཡིན་ནོ། ། འདིར་སེང་གེ་ལ་སོགས་སེམས་ཅན་དེ་ལྔ་ལ་གཅན་ཞེས་འཇུག་ཚུལ་ནི། ཆོས་ལུགས་ནང་གི་བཤད་སྲོལ་གོང་དུ་སྨོས་པ་བཞིན་ཡེ་ཤེས་ལྔའི་གཅན་ནམ་གནོད་ཕྱོགས་དངོས་དེ་དུག་པོ་ལྔ་པོ་ཡིན་མོད། དེས་ན་སེམས་ཅན་ལྔ་པོ་ཡེ་ཤེས་ལྔ་ཡི་གཅན་ནམ་མི་མཐུན་ཕྱོགས་དུག་ལྔ་རུ་མཚོན་པས་དེ་རྣམས་ལ་ཡང་གཅན་ཞེས་སྦྱོར་བ་ཡིན་པར་མངོན་ནོ། །
Domain ཆོས་ལུགས།