61164
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༥༨༤ ལོར་འབྲི་གུང་སྤྲོ་ལུང་དུ་ཡབ་འབྲི་གུང་ཆོས་རྒྱལ་ཕན་ཚོགས་དང་། ཡུམ་ལོང་མོ་བཟའ་གཡང་འགུག་གཉིས་ཀྱིས་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་གྲོ་སྣར་རྗེ་དབང་ཕྱུག་རྡོ་རྗེས་ཞྭ་དམར་བ་སྐུ་ལྔ་པའི་ཡང་སྲིད་དུ་ངོས་བཟུང་། གཙུག་ཕུད་བཞེས། མཚན་ལ་དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱག་ཅེས་གསོལ། ཞྭ་དམར་གྱི་ཅོད་པན་དང་ཐམ་ག་གནང་སྟེ་སེང་ཁྲིར་མངའ་གསོལ། བཀའ་ལུང་མན་ངག་སོགས་མང་དུ་གསན། མཚུར་ཕུ་རྒྱལ་བའི་དབང་པོ་ལས་དབང་ལུང་ཁྲིད་གསུམ་ལ་ཐོས་བསམ་མཛད། ཐུབ་བསྟན་ཉིན་བྱེད་གླིང་གི་འདུས་སྡེ་བཙུགས། འཕན་ཡུལ་ཟ་དམ་ལེགས་བཤད་གླིང་དུ་མཚན་ཉིད་བཤད་གྲྭ་བཙུགས། བསྡུས་གྲྭ་དང་། བཀའ་པོད་བཞི་དང་སྔགས་ཀྱི་ཐོས་བསམ་སོགས་རྒྱ་ཆེར་སྤེལ། གཞན་ཡང་མདོ་ཁམས་དབུས་དང་རྒྱ་བལ། རི་བོ་བྱ་རྐང་སོགས་སུ་སྒོམ་སྒྲུབ་མཛད་ཚེ་འཇམ་དབྱངས་དང་། དབྱངས་ཅན་ལྷ་མོ། སྤྱན་རས་གཟིགས་སོགས་ཀྱིས་ཞལ་གཟིགས། ལུང་བསྟན་་བཅས་གནང་། འཇམ་པའི་དབྱངས་དང་མཚུངས་པར་གྲགས། སྡེ་སྲིད་གཙང་པས་ཀརྨ་ཞྭ་དམར་ནག་གདན་དྲངས་སྐབས་སྐུ་འཁོར་ཁྲི་ཕྲག་ལྔ་ལྷག་བྱུང་བ་དང་། ཀརྨ་པའི་གདུང་མཚུར་ཕུར་འདས་མཆོད་ཕུལ་སྐབས་དགེ་འདུན་ཁྲི་བདུན་ལྷག་ཙམ་འདུས་པ་བཅས་ཀཾ་ཚང་བསྟན་སྲིད་སྐབས་དེར་ཤིན་ཏུ་རྒྱས་པར་གྲགས། ཞེ་ལྔ་པ་རབ་བྱུང་བཅུ་གཅིག་པར་ལྕགས་རྟ་ཕྱི་ལོ་ ༡༦༣༠ ལོར་སྐུ་གཤེགས། ཞྭ་དམར་བའི་སྐུ་ཕྲེང་དྲུག་པ་ཡིན། |
{{#arraymap:ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་
|; |@@@ | | }}