61172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞྭ་དམར་བ་མཁའ་སྤྱོད་དབང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༣༥༠ ལོར་བྱང་གནམ་གཞུང་གི་བྱེ་མ་ལུང་དུ་ཡབ་ལྷ་རྒྱལ་དང་། ཡུམ་འབྲོག་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་སེར་སྐྱ་ཚོགས་པའི་དབུས་སུ་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་གནང་། གཞན་རྒྱུད་མཁྱེན་པ་སོགས་ངོ་མཚར་བ་མང་། དྲུག་པར་མཁས་གྲུབ་དར་མ་རྒྱལ་མཚན་སོགས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་བཟུང་། དཔོན་སློབ་མང་པོས་མཚུར་གནས་སུ་གདན་དྲངས། བདུན་པར་ཆོས་རྗེ་རོལ་པའི་རྡོ་རྗེ་ལས་རབ་ཏུ་བྱུང་། མཚན་ལ་ཡེ་ཤེས་དཔལ་ཞེས་གསོལ། ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་སོགས་ཀྱི་ཁྲིད་རྣམས་གསན། ཆོས་རྗེ་གཡུང་སྟོན་པ་ལས་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་། རྗེ་རི་ཁྲོད་པ་ལས་རྒྱུད་འབུམ་སོགས་མང་དུ་གསན། གཡའ་བཟང་པ་བསོད་ནམས་འོད་ལས་ཁྲིད་ཁ་གསན་སྒོམ། བཅོ་བརྒྱད་པར་མཁན་ཆེན་དོན་གྲུབ་དཔལ་བ་དང་། སློབ་དཔོན་འཇམ་དབྱངས་ཆོས་ཀྱི་རྡོ་རྗེ། གསང་སྟོན་གཞོན་ནུ་དཔལ་བ་བཅས་ལས་བསྙེན་པར་རྫོགས། སློབ་དཔོན་འཇམ་རིན་ལས་བྱམས་ཆོས་སྡེ་ལྔ་ཕར་ཚད་དང་། མཁན་ཆེན་ཀུན་དགའ་འོད་ཟེར་ལས་རྡོ་རྗེ་ཕྲེང་བ་དབང་། མཁན་ཆེན་འོད་ཟེར་རྒྱ་མཚོ་ལས་སྙིང་ཐིག་གཏེར་ཁ་གོང་འོག་གི་བཀའ་ལུང་ཕེལ་ཆེར་གསན། ཙ་རི་སོགས་སུ་ཕེབས་ནས་ཆོས་འཁོར་བསྐོར། ཉེར་དགུ་པར་སྟག་རྩེར་རྣམ་རྒྱལ་དགོན་པ་ཕྱག་བཏབ། སོ་བདུན་པར་དགའ་ལྡན་མ་མོ་དགོན་པ་བཏབ། སྒོམ་ཆེན་མང་པོར་ཁྲིད་མཛད། ང་དྲུག་པ་རབ་བྱུང་བདུན་པའི་ཤིང་བྱ་ཕྱི་ལོ་ ༡༤༠༥ ལོར་སྐུ་གཤེགས། ཞྭ་དམར་བའི་སྐུ་ཕྲེང་གཉིས་ཡིན། སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་དེ་བཞིན་གཤེགས་དང་པ། བཀའ་བཞི་རིན་ཆེན་བཟང་པོ། རྫ་དགོན་ཀུན་སྤངས་ཆོས་ཀྱི་ཡེ་ཤེས། འགེར་ཉག་རྟོགས་ལྡན་ཆོས་དཔལ་ཡེ་ཤེས། ཟུར་དགོན་བཀའ་བཞི་རིན་ཆེན་དཔལ། རི་མི་འབབས་པ་བསོད་ནམས་རིན་ཆེན། ལྷ་གཟིགས་རིན་ཆེན་རྒྱལ་མཚན། འཁྲུལ་ཞིག་བསོད་ནམས་འབུམ། ཆུ་ཚན་ཁ་བ་ཤེས་རབ་དཔལ་བཅས་ཡིན། གསུང་རྩོམ་ནི་རྡོ་རྗེ་འཆང་ཆེན་ནས་རྗེ་འདི་བའི་བར་གྱི་རྣམ་ཐར་རྒྱས་པ་པོད་ཆེན་གཅིག་བཞུགས།

{{#arraymap:ཞྭ་དམར་བ་མཁའ་སྤྱོད་དབང་པོ་

|; |@@@ | | }}