61331
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཟག་བཅས་ཟག་མེད་ཀྱི་ཁྱད་པར་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ནི། དམིགས་པ་དང་མཚུངས་ལྡན་གང་རུང་གིས་སྒོ་ནས་ཟག་པ་རྒྱས་སུ་རུང་བ་དེ། ཟག་བཅས་ཀྱི་ངོ་བོར་འདོད་ཅིང༌། གཟུགས་ཕུང་རྣམས་དམིགས་པའི་སྒོ་ནས། ཟག་པ་རྒྱས་སུ་རུང་བ་དང༌། ཉོན་མོངས་དང་ཉོན་མོངས་ཅན་གྱི་སེམས་བྱུང་རྣམས་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་རུང་བ་ཡིན་ཞེས་འདོད། ཀུན་བཏུས་པའི་ལུགས་ནི། ཟག་པའི་སྒོ་དྲུག་པོ་གང་རུང་གིས་སྒོ་ནས་ཟག་བཅས་སུ་འཇོག་ཏུ་རུང་བ་དེ་ཟག་བཅས་ཀྱི་ངོ་བོར་འདོད། ཟག་བཅས་དང༌། ཉོན་མོངས་དང་བཅས་པ་གཉིས་དོན་གཅིག་སྟེ། ཉོན་མོངས་སྤངས་པའི་གང་ཟག་ཡིན་ན། ཟག་པ་སྤངས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེས་ཟག་བཅས་ཀྱི་ཕུང་པོ་དང་ཟག་བཅས་ཀྱི་ལས་སོགས་ལ་ཤེས་པར་བྱའོ། །ཟག་པའི་སྒོ་དྲུག་ནི། མངོན་པ་ཀུན་བཏུས་ལས། ཟག་པའི་བདག་ཉིད། ཟག་པ་དང་འབྲེལ་བ། དེས་བཅིངས་པ། དེ་དང་རྗེས་སུ་འབྲེལ་བ། རྗེས་སུ་མཐུན་པ། དེའི་རྒྱུ་ལས་བྱུང་བའི་ཕྱིར། ཟག་པ་བཅས་པ་རྣམ་པར་བལྟའོ། །ཞེས་གསུངས། མཚན་གཞི་ནི། རྩ་ཉོན་དང་ཉེ་ཉོན་རྣམས་དང་པོ་ཡིན། དེ་དག་དང་མཚུངས་ལྡན་གྱི་སེམས་བྱུང་རྣམས་དང་ཟག་བཅས་ཀྱི་དབང་པོ་དྲུག་རྣམས་གཉིས་པ་ཡིན། དགེ་བ་ཟག་བཅས་རྣམས་གསུམ་པ་ཡིན། ས་དགུ་པོ་རེ་རེ་ལའང་རང་གི་ལྷག་པའི་གནས ངན་ལེན་གྱི་ཟག་པ་དང་བཅས་པ་དེ་བཞི་པ་ཡིན། ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་རྣམས་ལྔ་པ་ཡིན། དགྲ་བཅོམ་པའི་རྒྱུད་ཀྱི་སྡུག་བསྔལ་གྱི་ཕུང་པོ་དྲུག་པ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ནི། འཁོར་བའི་ཕུན་ཚོགས་དོན་དུ་གཉེར་བའི་སྐྱེས་བུ་རྣམས་འཇིག་རྟེན་པ་ཡིན། ལམ་ཞུགས་ཀྱི་སྐྱེས་བུ་རྣམས་འཇིག་རྟེན་ལས་འདས་པའི་སྐྱེས་བུ་ཡིན། ཐར་ལམ་རྣམས་འཇིག་རྟེན་ལས་འདས་པའི་ལམ་ཡིན། འཇིག་རྟེན་པའི་ལམ་ལ་ངན་འགྲོའི་ལམ་དང༌། བདེ་འགྲོའི་ལམ་གཉིས་སུ་ཡོད་པ་ལས། ངན་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་དེ་འགྲུབ་བྱེད་ཀྱི་ལས་རྣམས་དང་པོ་ཡིན། བདེ་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་དེ་འགྲུབ་བྱེད་ལས་རྣམས་གཉིས་པ་དེ་ཡིན། སྙོམས་འཇུག་དག་པ་རྣམས་ཀྱང་འཇིག་རྟེན་པའི་ལམ་ཡིན་ནོ། ། |
| Domain | ཆོས་ལུགས། |