61357
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་པ་གསུམ་གྱི་ནང་གསེས་ཤིག ཁམས་གསུམ་ལས་འདས་ཤིང་འཕགས་པའི་སས་བསྡུས་པའི་སྤོང་བའི་སྡོམ་པ་སྟེ། འཆལ་བའི་ཚུལ་ཁྲིམས་དང་། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་རོ། །ཟག་མེད་གྱི་སྡོམ་པ་དེ་ནི་བསམ་གཏན་ཁྱད་པར་ཅན་དང་། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་མ་གཏོགས་པའི་མཐོ་རིས་དང་པོ་གཉིས་དང་། གཟུགས་མེད་ནའང་ཡོད་དོ། །དེ་ལ་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་སུམ་གྱུར་པ་ལས་ནི་མ་ཡིན་ནོ། །ཚངས་པ་ཆེན་པོ་དང་འདུ་ཤེས་མེད་པའི་སེམས་ཅན་ལ་མི་ལྡན་ཏེ། དང་པོ་ནི་ཕྱིན་ཅི་ལོག་གི་ལྟ་བ་དང་ལྡན་པའིི་ཕྱིར་དང་། གཉིས་པ་ནི་མི་ཁོམ་པའི་གནས་ཡིན་པའི་ཕྱིར་རོ། །འོན་ཏེ་ཐེག་པ་གོང་མ་པ་དག་གིས་ལས་དབང་གིས་སྐྱེས་པའི་ཚངས་པ་ཆེན་པོ་ལ་ཟག་མེད་མེད་ཀྱང་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱི་དབང་གིས་ཚངས་པ་ཆེན་པོར་ཡང་སྐྱེ་བས་དེ་ལ་ནི་ཟག་མེད་ཡོད་དོ་ཞེས་བཞེད་མོད་ཀྱི། བྱེ་བྲག་ཏུ་སྨྲ་བ་ནི་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་འཕགས་པར་མི་འདོད་པས་དེ་ལ་ཟག་མེད་ཡོད་པར་མི་འདོད་དོ། །གོང་མ་དེ་དག་ལ་ཟག་མེད་ཀྱི་སྡོམ་པ་ནི་ཅི་རིགས་པར་རྒྱུ་དང་ལས་དང་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེའོ། །ཟག་མེད་ཀྱི་སྡོམ་པ་དང་ལྡན་པ་ནི་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །ལམ་སྔོན་མ་བསྐྱེད་པའི་ཕྱིར་སྐད་ཅིག་མ་དང་པོ་ལ་ཟག་མེད་ཀྱི་འདས་པ་དང་མི་ལྡན་ནོ། །དེ་མིན་ལ་འདས་པ་ཐོབ་བོ། །སྡོམ་པ་དེ་ལྡན་མཉམ་པར་བཞག་པ་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པ་གནས་པ་དེ་ལའང་། ད་ལྟར་གྱི་རྣམ་རིག་མིན་པ་གཉིས་དང་ལྡན་གྱི་ལངས་པ་དག་ནི་མ་ཡིན་ནོ། །དེ་ནི་རེ་ཞིག་སྡོམ་པ་དང་སྡོམ་མིན་ལ་གནས་པ་འདོད་པ་རྣམས་ཀྱི་གཏམ་ནི་དེ་ལྟ་བུའོ། ། རྒྱུ་ནི། ཟག་པ་མེད་པའི་བསམ་གཏན་གྱི་ས་འཐོབ་པ་དེ་ཉིད་ཀྱིས་ཟག་པ་མེད་པའི་སྡོམ་པ་འཐོབ་བོ། །དེའི་གཏོང་ཚུལ་ནི། གཟུགས་མེད་དུ་གཏོགས་པ་འཕགས་པའི་དགེ་བ་ཟག་མེད་ནི་རྒྱུ་གསུམ་གྱིས་གཏོང་སྟེ། འབྲས་བུ་ཐོབ་པ་ལས་ནི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལས་ནི་དབང་པོ་རྟུལ་པོའི་ལམ་མོ། །ཡོངས་སུ་ཉམས་པ་ལས་ནི་ལམ་གོང་མ་འབྲས་བུའམ་འབྲས་བུ་ཁྱད་པར་ཅན་ཏེ། རེ་ཞིག་སྡོམ་པ་རྣམས་ནི་དེ་ལྟར་གཏོང་ངོ་། ། |
| Domain | ཆོས་ལུགས། |