61500
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཟད་པར་ཆུའི་སྐྱེ་མཆེད་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དམིགས་པའི་སྣང་བ་རང་ཡུལ་གྱི་ཆུ་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། ལུས་རྟེན། འདོད་པའི་རྟེན་ཅན་ཏེ་ཐོས་བསམ་གྱི་མཐུས་རབ་ཏུ་བསྐྱེད་པ་ཡིན་པའི་ཕྱིར། སེམས་རྟེན་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་གསུངས། དམིགས་པ། གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཀ་ཡིན་ལ། སྦྱོང་ཚུལ་སྔར་སྦྱོང་བ་བྱས་པ་ཡིན་ན། གོམས་པའི་སྟོབས་ཀྱིས་སོ་སོའི་དམིགས་པ་ཅུང་ཟད་མཐོང་བ་ཙམ་ལས། ཟད་པར་ཆུའི་ཏིང་ངེ་འཛིན་གསལ་བར་འགྱུར་བ་སྟེ། འཕགས་པ་ལེགས་མཐོང་གིས། ཨུཏྤལ་སྔོན་པོ་མཐོང་བ་ཙམ་གྱིས་ཟད་པར་སྔོན་པོའི་ཏིང་ངེ་འཛིན་སྐྱེས་པ་བཞིན་ནོ། །སྔར་སྦྱོང་བ་མ་བྱས་པ་ཞིག་ཡིན་ན། དམིགས་རྟེན་སྣོད་དྲི་མ་མེད་པ་ཆུ་གཙང་མས་བཀང་སྟེ། ཡིད་གཏོད་ཚུལ་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཇི་སྐད་བརྗོད་པའི་དམིགས་པ་དེ་དག་ཡུལ་དུ་བྱས་ཏེ་ཟད་པར་ཆུའི་སྐྱེ་མཆེད་ཀྱི་མིང་ཙམ་ལ་དམིགས་ནས་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །མཚན་མ་ནི། ཆུའི་ལྦུ་བ་དང་ཆུ་བུར་འདྲེས་པའི་ཆུ་གཡོ་བའི་རྣམ་པ་ཅན་དུ་འགྱུར་ཞིང་། ཞེས་དང༌། བྱེད་ལས་ནི། ནམ་མཁའ་དང་ཆུ་ལའང་གོམ་པ་དོར་ནས་འགྲོ་བ་དང་། ས་ལའང་ཆུ་ལ་འཇུག་པ་ལྟར་བྱེད་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་གི་དམིགས་ཡུལ་ཆུས་ཤེས་བྱ་མཐའ་ཡས་པ་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ཟད་པར་ཆུའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཟད་པར་ཆུའི་སྐྱེ་མཆེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཟད་པར་གྱི་སྐྱེ་མཆེད་བཅུའི་ནང་གསེས་ཤིག་སྟེ། ཟིལ་གནོན་ཐོབ་པའི་གང་ཟག་རྒྱུད་ཀྱི་རང་གི་སེམས་རྟེན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ཟད་པར་གྱི་ཆུས་འཇིག་རྟེན་ན་གྲགས་པའི་ས་ཆུ་སོགས་འདོད་པའི་གཟུགས་ཀྱི་སྐྱེ་མཆེད་ཀུན་ལ་བར་ཆད་མེད་པར་རྒྱས་པར་ཁྱབ་པར་བྱེད་པའི་མ་ཆགས་པའི་རང་བཞིན་ཞིག་སྟེ། མཆིམས་མཛོད་ལས། ཟད་པར་ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་བར་ཆད་མེད་པར་ཟད་པར་ས་ལ་སོགས་པར་རྒྱས་པར་ཁྱབ་པར་བྱེད་པའི་ཟད་པར་གྱི་སྐྱེ་མཆེད་བཅུའོ་ཞེས་བཤད་པའི་དང་པོ་བརྒྱད་ནི་ཆགས་པའི་གཉེན་པོ་མ་ཆགས་པའི་རང་བཞིན་ཡིན་ལ། (དེ་ཡང་སྔོ་སོགས་བཞི་ནི་ཟིལ་གནོན་ཕྱི་མ་བཞིའི་འབྲས་བུ་ཡིན་པས་སོ། །) ས་ནི་བསམ་གཏན་གྱི་ཡ་མཐའ་བཞི་པ་ཁོ་ན་ཡོད་དེ་(ཟིལ་གནོན་ཕྱི་མ་བཞིའི་སྦྱོར་བ་ལས་བྱུང་བས་སོ། །) དང་པོ་བརྒྱད་ཀྱི་སྤྱོད་ཡུལ་ཏེ་དམིགས་པ་ནི་(འབྱུང་བཞི་ཡང་ཁ་དོག་དང་དབྱིབས་ལ་འདོད་པའང་ཡོད་དེ། )འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཞེས་འབྱུང་བས་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ། གང་དག་རླུང་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་མི་འདོད་པ་དེ་དག་ན་རེ་ཟད་པར་རླུང་གི་དམིགས་པ་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །ཞེས་གསུངས། |
{{#arraymap:ཟད་པར་ཆུའི་སྐྱེ་མཆེད་
|; |@@@ | | }}