62525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ས་བྱ་ཕྱི་ལོ་ ༡༠༦༩ ལོར་ཡུལ་ཕ་དྲུག་ཏུ་ཡབ་བྱི་བ་ཧབ་ཤ་ཞེས་མཚན་དངོས་ཞ་མ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་ཡི་གེའི་སྦྱོར་ཀློག་ལེགས་པར་སྦྱངས། དགེ་བཤེས་གཉན་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། སྤྱོད་ཕྱོགས་ཀྱི་གཞུང་ཆེ་ཆུང་མང་པོར་གསན། བཅུ་བཞི་པར་རོང་ཟོམ་ཆོས་བཟང་ལས་སྨྲ་སྒོའི་མཚོན་ཆ་དང་། རྨ་ལོ་དགེ་བའི་བློ་གྲོས་ལས་སྐད་རིགས་མང་པོར་སྦྱངས། ལོ་ཙཱ་བ་མཁས་པར་བསླབས། འུ་ཡུག་ཏུ་དགེ་བཤེས་ཞང་ལས་འཕགས་ཡོག་དུས་གསུམ་དང་། རྒྱ་རོང་གངས་པ་ཤེའུ་ལས་དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོ། དཔལ་མཆོག་གི་རྒྱུད། མར་པ་སེང་རྫིང་ལས་གྲུབ་རྙིང་དང་བདེ་མཆོག་བཤད་རྒྱུད་བཅས་གསན། ཉེར་དྲུག་པར་བལ་ཡུལ་དུ་ཕེབས་ཤིང་ཡེ་རང་པ་ལས་མཻ་ཏྲི་བའི་ཆོས་སྐོར་དང་། ཕམ་མཐིང་བ་ལས་དུས་འཁོར་གྱི་གདམས་ངག་དང་གདན་བཞིའི་རྒྱུད་རྣམས་གསན། བོད་དུ་བྱོན་ཏེ་འཁོན་སྒྱེ་ཆུ་བ་ལས་སྒྲོན་མ་གསལ་བ་དང་། ཕ་དམ་པ་སངས་རྒྱས་ལས་ཞི་བྱེད་ཀྱི་གདམས་པ་དང་། རྟ་ནག་དར་མ་ཀཱི་རྟཱི་ལས་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་འཁོར་ཆོ་ག་དང་། རཱ་ལོ་རྡོ་རྗེ་གྲགས་ལས་འཇིགས་བྱེད་ཀྱི་དབང་རྒྱས་པ་ཞུས། སླར་བལ་ཡུལ་དུ་བྱོན་ཏེ་རྒྱ་གར་གྱི་བླ་མ་མི་མཉལ་རྡོ་རྗེ་དང་མཇལ་ཞིང་ལཱུ་ནག་དྲིལ་གསུམ་ནཱ་རོ་པའི་ལུགས་དང་བཅས་པའི་བདེ་མཆོག་དབང་དང་བཅས་པ་གསན། སུམ་ཅུ་པར་བོད་དུ་བྱོན་ནས་འཁོན་ཕུ་རྫིང་གི་བྲག་དམར་དུ་སྒྲུབ་པ་ཉམས་ལེན་མཛད། ཞེ་བཞི་པར་བྲིན་སྙེ་ནམ་དང་། ཕ་དྲུག ལ་སྟོད་ལྷོ་བྱང་གི་གནས་མང་པོར་བཞུགས། གདུལ་བྱ་མང་པོ་ལ་གྲུབ་སྙིང་ལ་སོགས་པའི་ཁྲིད་ཀྱིས་བསྐྱངས། དེའི་ཚེ་ཞ་མ་ལྕམ་སྲིང་ཞེས་ཡུལ་ཐམས་ཅད་དུ་སྙན་པས་ཁྱབ། དུས་ཕྱིས་བླ་མ་སོ་སོའི་རྣམ་ཐར་དུ་ཡང་ཡ་མཚན་དུ་མཛད་དེ་ཡི་གེར་བཀོད་པ་གདའ། དོན་དྲུག་པ་རབ་བྱུང་གཉིས་པའི་ཤིང་བྱི་ཕྱི་ལོ་ ༡༡༤༤ ལོར་སྐུ་གཤེགས། གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།